༈ ས་གནས་ལུ་རྫན་དུ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ་ལས་རིམ་འཚོགས་ཡོད་པ།

ཁ་སང་ཟླ་༧ ཚེས་༢ ཉིན་རི་ཀོན་མཁན་རིན་པོ་ཆེ་མཆོག་དང་སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་རྣམ་པ་གཉིས་ས་གནས་ལུ་རྫན་༼Luzern༽དུ་ཕེབས་པ་དང་། ས་གནས་ལུ་རྫན་མི་མང་ལ་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་ལྷུག་པོ་གནང་སོང་། ཐེངས་འདིའི་འདུ་འཛོམས་ཐོག་བོད་མིའི་ཆོས་དང་རིགས་གཞུང་རྩ་དོན་ཐོག་དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་དང་དོ་སྣང་ཡོད་མཁན་གྱི་མི་མང་དྲུག་ཅུ་ཙམ་ཞིག་སླེབས་འདུག་པ་མ་ཟད་ལྷག་བསམ་གྱིས་ཕྱུག་པའི་བོད་རིགས་མི་མང་གི་དཔར་པ་བཀྲ་ཤིས་རྣམ་རྒྱལ་ཡང་པར་དང་བརྙན་པར་ལེན་རྒྱུར་ཕེབས་འདུག 

ས་གནས་འཐུས་མི་འཁོར་གླིང་བསྟན་འཛིན་ཚེ་རིང་མཆོག་ནས་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ་ཐོག་བཀའ་སློབ་གནང་དགོས་པའི་རེ་འབོད་གནང་བ་དང་། རི་ཀོན་མཁན་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་གོ་བདེ་བ་དང་གཏིང་ཟབ་པ་ཞིག་གནང་སོང་ལ་ཁོང་གིས་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་ཡན་ལག་བདུན་པ་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་གསུངས་ཏེ་ཡན་ལག་བདུན་པ་རེ་རེ་བཞིན་ངོ་སྤྲོད་དང་འགྲེལ་བཤད་གནང་སོང་བ་མ་ཟད་ད་ལྟའི་གནས་སྟངས་ཐོག་གསུང་དོན། འཚམས་འཚམས་ལ་ང་ཚོའི་སྤྱི་ཚོགས་ནང་ལ་དཀྲུག་དཀྲུག་བཏང་བ་ལ་ག་རེ་བཏང་གི་ཡོད་པ་རེད་ཟེར་ན་སྤྱི་དང་སྒེར་གཉིས་དེ་དཀྲུག་དཀྲུག་གཏོང་བཞིན་པའི་རྣམ་པ་ཞིག་ཡོང་བཞིན་ཡོད། དེ་བྱས་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད་གསུངས་པ་དང་། སྤྱི་སྒེར་གཉིས་དེ་དཀྲུག་དཀྲུག་གཏོང་ཡ་ཡོད་པ་མ་རེད་སྒེར་གྱི་གནད་དོན་དེ་སྒེར་ལ་བཞག་སྤྱི་བའི་དོན་དག་དེ་སྤྱི་བའི་ཐོག་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད་པ་དང་། སྤྱི་སྒེར་གཉིས་དཀྲུག་དཀྲུག་མི་གཏོང་བའི་དགོངས་བཞེས་དང་དེ་ཐོག་ལ་ཚང་མས་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་དང་དྲི་བ་དྲིས་ལན་བྱས་སོང་།

སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་ང་རང་ས་གནས་ཁག་མང་པོ་ཞིག་གི་ནང་སྐོར་སྐྱོད་བྱས་མོད་དེ་དག་ནང་རྒན་པ་མང་བ་ལས་གཞོན་པ་དེ་ཙམ་མེད་པ་དང་དེ་རིང་འདིར་ལོ་ཉི་ཤུ་ནས་བཞི་ཅུ་བར་གྱི་གཞོན་སྐྱེས་མང་པོ་ཞིག་སླེབས་ཡོད་པས་ལེགས་པའི་ཆ་ཞིག་མཐོང་སོང་གསུངས་པ་དང་། ད་ལྟའི་གནས་སྐབས་ལ་ང་ཚོ་གནས་ཚུལ་ཁ་ཤས་སྒང་ཛ་དྲག་གནས་སྐབས་ཤིག་ཆགས་ཡོད་ལ་དེ་ཡང་བོད་ནང་ལ་མཚོན་ན་མཁས་པ་མི་སྣ་གྲགས་ཅན་ལ་ཉེས་མེད་རྡུང་རྡེག་ཚད་མེད་མནར་གཅོད་འོག་གནས་ཡོད་པ་དང་ཕྱི་ན་ཡོད་པའི་བོད་མི་ཚོ་ཡིན་ནའང་སོ་སོའི་རིག་གཞུང་དང་སྐད་ཡིག་ཉམས་བཞིན་ཡོད་པ་གསུང་སོང་ལ། ལྷག་པར་དུ་ཡ་རབས་གོམས་གཤིས་སོགས་སྐྱོ་རུ་འགྲོ་བཞིན་པའི་རྣམ་པ་གསུམ་གྱི་ཐོག་བཀའ་སློབ་ཟབ་མོ་གནང་སོང་། ད་དུང་བོད་མི་ནང་ཁུལ་འཆམ་མཐུན་མེད་པ་དང་ཕུང་དཀྲུག  མཐུན་སྒྲིལ་གཏོར་བརླག་བྱེད་མཁན་ནི་སོ་སོ་བོད་མི་རང་ནས་ཐོན་བཞིན་ཡོད་པས་དགྲ་དང་གཉེན་གང་ཡིན་པ་དེ་དག་ཤེས་དགོས་པའི་བཀའ་སློབ་ནན་ཏན་གྱི་སྒོ་ནས་གསུངས་པ་དང་དྲི་པ་དྲིས་ལན་ཚང་ཁ་ཤིག་ཤིག་གནང་སོང་བས་རྗེས་མ་ཁོམ་པ་ཡོད་ན་ཡང་བསྐྱར་གཅར་ཆོག་པའི་བཀའ་སློབ་དང་བཅས་མཇུག་སྒྲིལ་སོང། འདི་ལྟ་བུའི་ལས་འགུལ་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་སུད་སི་ས་ཁུལ་སོ་སོའི་ནང་སྐོར་སྐྱོད་བྱེད་བཞིན་པ་ཞིག་ཡིན་འདུག

མཇུག་མཐར་ས་གནས་འཐུས་མི་མཆོག་ནས་རི་ཀོན་མཁན་རིན་པོ་ཆེ་དང་སྐུ་ངོ་དངོས་གྲུབ་རྡོ་རྗེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་དང་འདིར་ཕེབས་པའི་མི་མང་རྣམ་པ་ཡིན་ནའང་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ་འདིས་བསོད་ནམས་ཆེན་པོ་བསགས་སོང་། མ་འོངས་པར་འདི་འདྲའི་བཀའ་སློབ་རྩ་ཆེན་པོའི་རིགས་ལ་མི་མང་གང་མང་མང་ཕེབས་ཐུབ་པའི་འབོད་སྐུལ་དང་རེ་བ་བཅས།

གནས་ཚུལ་མཁོ་གཏོང་བ་གངས་ལྷག་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།