༄། །མཉམ་འབྲེལ་རྒྱལ་ཚོགས་མདུན་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ཞུས་པ།

དེ་ཡང་ཕྱི་ཟླ་ ༧  ཚེས་ ༣༡  རེས་གཟའ་པ་སངས་ཉིན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་དང་།  ཡུ་རོབ་གཞོན་ནུ།   སུད་སི་བེུད་ཚོགས་པ་བཅས་ནས་གོ་སྒྲིག་གི་ཚོུད་ ༡༡/༣༠  མི་གྲངས་ ༣༥༠ སྐོར་འདུ་འཛོམས་ཀྱིས་འཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྲིང་མོ་སྒྲོལ་དཀར་ལྷ་མོ་དང་བོུ་ཉི་མ་ལྷ་མོ་གཉིས་བཀག་ཉར་གྱིས་ད་ཆ་གར་ཡོད་གསལ་རྟོགས་མེད་པ་བཅས་ལ་སོང་སེམས་འཚབ་ཐོག་རོགས་མགོན་བདེན་རྒྱབ་ཡོང་བའི་ལས་འགུལ་སྤེལ་ཡོད།  དེ་ཡང་། 

ས་འཐུས་འབྲོག་ཙ་ཚང་ཨ་ལགས་ནས་མཛད་འགོ་དབུ་འཛུགས་དང་བཅས་ལས་རིམ་༧སྙན་སྒྲོན་ཞུས།

༡)  བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་མཉམ་གཏོང་ཞུས།  
༢)  སྐར་མ་གཅིག་རིང་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་འདས་སོན་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་ཞུས། 
༣)  ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་གསུང་བཤད་གནང་དོན།  བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་སྡུག་སྦྱོང་ཚད་མེད་ཀྱི་གནས་སྟངས་སྐོར་དང་།  དུས་ཚོད་གཉན་འཕྲང་ཅན་འདིར་གདུང་སེམས་མཉམ་སྐྱེད་དགོས་པ་སོགས་ནན་བསྐུལ་གནང་།  
༤)  སྐད་འབོད་ཤུགས་དྲགས་བྱས། 
༥) སུད་སི་བེུད་ཚོགས་པའི་སྐུ་ཚབ་ལམ་གྲགས་པདྨ་ལགས་ནས་གསུང་བཤད།  
༦)  བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སློབ་མ་རྒན་གྲས་ཕུན་ཚོགས་ཚུལ་ཁྲིམས་ལགས་ནས་རིན་པོ་ཆེའི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་པ་དང་ཆབས་ཅིག  རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཐད་ཞིབ་སྐབས་རྒྱ་གཞུང་ནས་དམར་གསོད་བཏང་བ་ངོས་འཛིན་གསལ་པོ་ཞུ་ཐུབ་པ་བཅས་ཀྱི་གནད་དོན་ཐད་མུ་མཐུད་ཞུ་འབོད་གནང་རྒྱུ་ཡིན་པ་གསུངས།  ༧) སུད་བོད་མཐུན་ཚོགས་ཀྱི་སྐུ་ཚབ་(Karin  Schlotthauber) ནས་གསུང་བཤད།  སྐད་འབོད་གནང་།  
༧)  གཞོན་ནུའི་སྐུ་ཚབ་བསྟན་འཛིན་རའིཁེལིན་ལགས་ནས་གསུང་བཤད་གནང་།  
༨)  སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་གསུང་བཤད། བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཕྱི་ཚེས་ ༡༢ ལ་དགོངས་པ་རྫོགས་པའི་གནས་ཚུལ་གསལ་བསྒྲགས་ཞུས་སྐོར་དང་།  དེ་སྐོར་དོན་ཁང་ནས་༧གོང་ས་མཆོག་ལ་ཐུགས་སྨོན་༧སྙན་སྒྲོན་ཞུས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཁག་ལ་འབྲེལ་གཏུགས་གནང་བ་སོགས་དང་།  རོང་སྐྱེས་ཨ་གྲགས་ལགས་སློད་གྲོལ་བཏང་བ་དེར་ཡང་རྒྱབ་ལྗོངས་ཐད་ངེས་པར་དུ་དོ་སྣང་དགོས་པ་སོགས་ཞིན་ནན་གསུངས།  
༩)  ཡོ་རོབ་བོད་མི་མང་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ནས་གསུང་བཤད་གནང་།  ༡༠)  གྲོས་ཚོགས་ཀྱི་སྐུ་ཚབ་རེ་ནི་ལོང་ཤོད་ལགས་ནས་ ( René Longget) གསུང་བཤད་རིམ་པར་གནང་ཞིང་།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༥༠ ཟླ་ ༩ ཚེས་ ༢༥ ཉིན་ལི་ཐང་རྫོང་བདེ་སྐྱིད་གྲོང་དུ་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་གྱི་སྟེང་ལི་ཐང་དགོན་ཆེན་དུ་ཆོས་སྒོར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་དུ་ཕེབས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ཡོད་པ་དང་། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་སྩལ་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་སྩལ། ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་གྱི་སེར་སྐྱ་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱིར་ཕ་ཡུལ་དུ་ཕེབས་ཏེ་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐོག་བཀའ་སློབ་ལམ་སྟོན་རིམ་པར་གནང་སྟེ་ཕན་འབྲས་ཆེན་པོ་བྱུང་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་སླད་དགོན་པ་དང་སློབ་གྲྭ་གསར་བཞེངས་སོགས་ཀྱི་ཕྱག་ལས་རླབས་ཆེན་གནང་ཡོད།

ཞིང་བཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་སྙིང་སྟོབས་དང་བོད་མི་རིགས་ལ་བཀའ་དྲིན་ཆེ་བས་དམ་པ་ཁོང་ང་ཚོའི་སེམས་ནང་བརྗེད་ཐབས་མེད་པའི་སྐྱེས་བུ་ཞིག་ཆགས་ཡོད། ང་ཚོས་དམ་པ་ཁོང་གི་བཀའ་དྲིན་དུས་རྟག་ཏུ་དྲན་དགོས་པ་ཞིག་རེད། ཞིང་བཤེགས་དམ་པ་ཁོང་ལྟ་བུར་མཚོན་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡིན་ཞིང་། བོད་མི་རིགས་ཀྱི་དོན་དུ་རང་གི་ཡོད་ཚད་བློས་གཏོང་གནང་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཡོད། དེར་བརྟེན་ཁོང་གི་མཛད་རྗེས་དེ་ང་ཚོས་དྲན་གསོ་ཞུ་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་སྨྲོས་མེད་དང་།

ཨ་རིས་གཙོས་འཛམ་གླིང་ནང་གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣ་ཆེ་ཁག་མང་པོས་རྒྱ་ནག་གཞུང་གིས་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་སྦྲགས།   རིན་པོ་ཆེ་མཆོག་ལ་མྱ་ངན་གུས་འདུད་ཡིད་སྐྱོ་བའི་གནས་ཚུལ་དེར་བློ་ཕམ་དང་།  སེམས་འཚབ་ཡོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད།   སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་དང་། ས་གནས་ཡུལ་མི་རྣམས་ཀྱི་ཤེས་ཡོན་གོང་སྤེལ། འཕྲོད་བསྟེན། ལྷག་པར་བོད་མི་འབྲོག་པ་རྣམས་ཀྱི་བདེ་དོན་ཆེད་ངལ་བ་ཁྱད་གསད་ཀྱིས་འབད་འབུངས་གནང་ཡོད།

གང་ལྟར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་སྐུའི་ཡང་སྲིད་རིན་པོ་ཆེ་མགྱོགས་མྱུར་གངས་ཅན་ལྗོངས་སུ་འཁྲུངས་པའི་སྨོན་ལམ་དང་། དམ་པ་ཁོང་གི་བཀའ་དྲིན་ཡིད་ལ་བཅངས་པའི་ཐོག་ཐུགས་སྨོན་སྐྱབས་འཇུག་ཤུགས་ཆེ་གནང་ཡོད།  དེ་བཞིན་སྡེ་དགེ་རྫོང་སར་དགོན་གྱི་བཙུན་པ་བསོད་ནམས་སྟོབས་རྒྱས་ལགས་དགུང་ལོ་ ༢༦ ཡིན་པ་དང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ ཉིན་ཁམས་ཡུ་ཤུལ་སྐྱེ་རྒུ་མདོའི་དགེ་སར་ཐང་ཆེན་དུ་རང་ལུས་མེར་སྲེག་བཏང་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད། ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༡ ནས་བོད་བསྟན་སྲིད་དང་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་པའི་ཁྲོད་ནས་བོད་མི་གྲངས་ ༡༢༡ འདས་གྲོངས་སུ་གྱུར་ཡོད་པ་བཅས་ཚང་མས་མཁྱེན་གསལ་ལགས།

མཇུག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་རྩོམ་མཛད་པ་བཞིན་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་མྱུར་བྱོན་གསོལ་འདེབས་གསུང་འདོན་གནང་། དེ་ནས་༧རྒྱལ་བའི་གསོལ་འདེབས་ཞབས་བརྟན་གསུང་འདོན་ཞུས་པ་བཅས་མུ་མཐུད་སྐད་འབོད་ཤུགས་དྲག་བྱས་ཤིང་ཚོུད་ ༡༥/༣༠  ཐོག་རྒྱལ་ཁའི་ངང་ལས་འགུལ་མཇུག་བསྡོམས་ཞུས་སོང་སྒོ་སྤེ་ཡོན་རྒྱས་ཚིག་ཐོ་སྙིང་བསྡུས་སུ།  ༢༠༡༥/༠༧/༣༡

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།