༄༅། སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་(གྲོས་ཚོགས་) འཚོགས་ཐེངས་ལྔ་པའི་ལས་རིམ་རྒྱལ་ཁའི་ངང་ལེགས་གྲུབ་ཟིན་པ།

དེ་ཡང་།  ༢༠༡༤  ཕྱི་ཟླ་ ༨  ཚེས་  ༣༠ ཉིན་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་འཐུས་ཚོགས་ཀྱི་ལོ་རིམ་གསུམ་པའི་ས་འཐུས་ཚོགས་འདུ་ (གྲོས་ཚོགས་) ཐེངས་ལྔ་པ་ལེགས་གྲུབ་ཟིན་པ་དང་།  ཚོུད་ ༡༠་་༡༥ ཐོག་ཚང་མ་སྐུ་བཞེངས་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།  བོད་བསྟན་པ་ཆབ་སྲིད་དང་མི་རིགས་གི་རྩ་དོན་ཆེད་སྐུ་སྲོག་བློས་བཏང་གནང་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་སྐྱེད་དང་བཅས་གུས་བཏུད་ངག་བཅད་སྐར་མ་གཅིག་ཞུས།  དེ་ནས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་མཚམས་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་འཚམས་ཞུ་དང་བཅས་ས་གནས་འཐུས་ཚོགས་(གྲོས་ཚོགས་) ཀྱི་ལས་རིམ་འགོ་འཛུགས་བཅས་ཐེངས་འདིའི་ཚོགས་གཙོའི་ལས་ཚབ་ཏུ་ས་འཐུས་སྦ་ཚང་ཚེ་རིང་དབང་གྲགས་ལགས་དང་།  ས་འཐུས་ཙར་མ་བསྟན་འཛིན་ལགས་གཉིས་ངོ་སྤྲོད་གནང་བར་སྤྱི་མོས་ཀྱིས་ངོས་ལེན་ཞུས། 

དེ་བཞིན་ལས་རིམ་ཚོགས་ཆུང་གི་ཚོགས་མིར་ས་འཐུས་བརྡ་སྐྱེལ་དགེ་ལེགས་ལགས།  ས་འཐུས་ཤ་བ་ཚེ་རིང་ལགས།  ས་འཐུས་རྡོ་ཆུང་མགོན་པོ་ལགས་བཅས་ངོ་སྤྲོད་གནང་བར་སྤྱི་མོས་ཞུས།  དེ་དང་ཆབས་ཅིག་དགོངས་ཞུ་འཐུས་མི་  ༣ དང་ལན་གསལ་མེད་པ་ ༢  བཅས་བྱུང་ཡོད་ནའང་གྲོས་ཚོགས་ཀྱི་ཚོགས་འདུའི་གྲུབ་ཆ་ཚང་ཡོད་པ་བཅས་གསལ་བཤད་གནང་།  ངོ་ཡོད་འཐུས་མི་ ༢༢ ཕེབས་འཛོམས་ཡོད་པ་དང་།  ཚོགས་གཙོ་ཕུད་པའི་འཐུས་མི་གྲངས།  ༢༡ ནས་གྲོས་ཆོད་གྲོས་འཆར་ཁག་ལ་ཆ་ཤས་སམ་འགན་འཁུར་གནང་ཡོད།

གྲོས་གཞི།

ཐོག་མར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་དང་པོ་མ་ཕེབས་གོང་ཡིག་ཆ་ཨང་གསུམ་པར་ས་གནས་ཤྭཕྷའོ་སན་མི་མང་གི་རེ་བསྐུལ་ཁུལ་དེར་ཚོགས་ཆུང་ཞིག་གསར་འཛུགས་ཡོང་ཐབས་༸སྙན་སེང་ཞུས་པའི་སྐོར་བཀའ་བསྡུར་གྲོས་ཆོད་དགོས་པ་གཟིགས་ནས་ཡིག་ཆ་ཨང་གསུམ་པ་འགོ་འཛུགས་ཡོང་ཐབས་ཞུས།  དེ་སྐོར་འཐུས་མི་རྣམ་པར་ཡིག་ཆ་ཕྱག་སོན་མེད་པའི་གནས་སྟངས་ཐད་བོད་དྲུང་ནས་དགོངས་སེལ་ཞུས་པ་དང་བཅས་ཆེས་མང་མོས་ཀྱིས་རྒྱབ་སྐྱོར་ཐོག་གྲོས་ཆོད་ཐུབ་པ་བྱུང་ནས་ལས་རིམ་འགོ་འཛུགས་ཞུས།

༡༽  གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་གསུམ་པ།  གོང་གསལ་བཞིན་ཤཱཧྥའོ་སན། ( Schaffhausen )   ས་ཁུལ་དུ་བོད་མི་གང་འཚམས་ཡོད་པ་དང་སྒྲིག་གསལ་ཚོགས་ཆུང་ཞིག་ཁུལ་དེར་གསར་འཛུགས་གནང་རྒྱུར་མོས་མཐུན་བྱུང་འདུག་པར་སྐབས་  ༡༥  པའི་འཐུས་ཚོགས་ཀྱི་ལོ་དུས་གསུམ་པའི་ས་གནས་གྲོས་ཚོགས་འཚོོག་ཐེངས་ལྔ་པ་འདིར་བཀུར་འོས་ས་གནས་འཐུས་མི་རྣམ་པས་སྤྱི་མོས་སམ་མང་མོས་གྲོས་ཆོད་གཏན་འབེབས་གནང་སྐྱོངས་ཡོང་བ་གྲོས་གཞི་གྲོས་འཆར་འདོན་མི་ས་འཐུས་གཉེར་པ་སྦ་ཚང་ཚེ་རིང་དབང་གྲགས་ལགས་དང་།  གྲོས་གཞི་གྲོས་འཆར་ལ་རྒྱབ་སྐྱོར་ཞུ་མི་ས་འཐུས་གཉེར་པ་ནོར་བུ་ཚེ་རིང་ལགས་ནས་གནང།   ཚོགས་ཆུང་གསར་འཛུགས་གནང་རྒྱུར་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཞུས།

༢༽ གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དང་པོ།  སུད་སི་དང།  ལིཀ་རྟེན་སིཊཡན་བོད་རིགས་མི་མང་གི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་ཟུར་འཛུགས་ཞུས་པ་བཞིན་དུས་བསྟུན་སྒྲིག་གཞི་བསྐྱར་བཅོས་ཟིན་པ་ལགས་ན་དོན་ཚན་ཁག་ལ་གཟིགས་ཞིབ་དང་བཅས་གྲོས་ཆོད་གཏན་འབེབས་གནང་རྒྱུར་སྤྱི་མོས་སམ་མང་མོས་ཀྱི་གྲོས་ཆོད་དུ།  སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་ཚོགས་འདུ་  ༼གྲོས་ཚོགས་༽  ཚོགས་ཐེངས་ལྔ་པ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༨  ཚེས་  ༣༠ ཉིན།  གྲོས་འཆར་འདོན་མཁན་ས་འཐུས་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་དང་།  གྲོས་འཆར་ལ་རྒྱབ་སྐྱོར་ཞུ་མཁན་ས་འཐུས་བོད་དྲུང་སྒོ་སྤེ་ཡོན་ཏན་གཉིས།  རྒྱབ་སྐྱོར་གནང་མི་ ༢༠  དང་བར་བཞུགས་ ༡  བཅས་ཆེས་མང་མོས་ཀྱིས་གྲོས་ཆོད་བྱུང་།  སྒྲིག་གཞི་གཏན་འབེབས་ཟིན་པ་ནས་ཚོགས་ཆུང་གསར་པ་འཛུགས་རྒྱུུ་ཡིན་ཚེ་ཉུང་ཐར་མི་གྲངས་  ༡༥༠  དགོས་པ་དང་ཚོགས་ཆུང་ནང་མི་གྲངས་མང་ཤོས་  ༥༢༥  བར་ཞེས་གསལ་པར་རྒྱབ་སྐྱོར་གནང་མི་  ༡༨  བྱུང་བར་སོང་མང་མོས་ཀྱིས་གཏན་འབེབས་ཐུབ་པ་བཅས།

༣༽  གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་གཉིས་པ། བོད་ཡིག་སློབ་གྲྭའི་སྒྲིག་གཞི་དོན་ཚན་ཉི་ཤུ་ཅན་འདི་བཞིན་དོན་ཚན་ཁག་ལ་གཟིགས་ཞིབ་དང་བཅས་གྲོས་ཆོད་གཏན་འབེབས་གནང་རྒྱུར་སྤྱི་མོས་སམ་མང་མོས་ཀྱི་གྲོས་ཆོད་དུ།  སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་ཚོགས་འདུ་  ༼གྲོས་ཚོགས་༽  ཚོགས་ཐེངས་ལྔ་པ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༨  ཚེས་  ༣༠ ཉིན།  གྲོས་འཆར་འདོན་མཁན་བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་དང་གྲོས་འཆར་ལ་རྒྱབ་སྐྱོར་ཞུ་མཁན་ས་འཐུས་ཕྱི་འབྲེལ་ཤ་བ་ཚེ་རིང་དོན་གྲུབ་ལགས་ཡིན་པ་དང་།  ས་འཐུས་ ༡༩  རྒྱབ་སྐྱོར་དང་བར་བཞུགས་ ༢  བྱུང་བ་བཅས་ཆེས་མང་མོས་ཀྱིས་གྲོས་ཆོད་གཏན་འབེབས་ཐུབ་པ་བཅས་ཀྱི་གྲོས་ཆོད་བྱུང་སོང་བ་དང།  ཚོུད་ ༡༢  དང་ཕྱེད་ཀ་ཙམ་ལ་ཚོགས་གཙོ་སྦྲེལ་པོས་ས་འཐུས་ཚང་མས་སྤྱི་དོན་གལ་ཆེར་གཟིགས་ཏེ་ཆ་ཤས་ལྷུག་པར་བཞེས་སོང་བ་སོགས་ཐེངས་འདིའི་ཟུར་ཉན་ཤཕྷའོ་སན་ཚོགས་ཆུང་སྐུ་ཚབ་གཉིས་བཅས་ཚང་མར་ཐུགས་རྗེ་ཆེ་ཞུས་མཇུག་བསྡོམས་གནང་སོང་བས་ཚིག་ཐོ་སྙིང་བསྡུས་སུ།  བོད་རྒྱལ་ལོ་ ༢༡༤༡  རབས་གནས་ཤིང་རྟ་གྲོ་བཞིན་ཟླ་བའི་ཚེས་ ༥  ཕྱི་ལོ་ ༢༠༡༤  ཟླ་ ༨ ཚེས་ ༣༠    ཉིན་ཕུལ།།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སྡོམས་རོགས།