༄༅།  །སུད་སི་ས་གནས་རུ་ཏི་བོད་མི་འབྱོར་ནས་ལོ་ངོ། ༥༠ འཁོར་བའི་དུས་དྲན་མཛད་སྒོའི་སྐོར།།

ཕྱི་ལོ།  ༢༠༡༦ ཕྱི་ཟླ། ༩ ཕྱི་ཚེས། ༢༤ རེ་གཟའ་སྤེན་པའི་ཉིན་སུད་སི་དང་ལིཀ་ཊིན་སྤྲཡན་བོད་རིགས་མི་མང་ཁོངས་གཏོགས་སུ་ཡོད་པའི་ས་གནས་རུ་ཏི་གཞིས་ཆགས་ནས་ལོ། ༥༠  འཁོར་བའི་དུས་དྲན་རུ་ཏིའི་ས་གནས་ཏན་ཏུ་ཡོད་པའི་ ༼ཀ་ཐོ་ལིག་ཕ་རའི་༽ ཡེ་ཤུའི་ལྷ་ཁང་གི་ཚོགས་ཁང་དུ་འདུ་འཛོམས་མཛད་སྒོ་གནང་ཡོད།   མཛད་སྒོ་འདིར་ཆ་ཤས་ལེན་མཁན་རུ་ཏི་ས་གནས་ཀྱི་བོད་མི་མཉམ་དུ་ས་གནས་གཞན་ནས་ཀྱང་བོད་མི་མང་པོ་ཞིག་ཕེབས་སོང་།   དེ་མ་ཟད་སྐུ་འགྲོན་དུ་ཕེབས་མཁན་ནང་དུ་སུད་སིའི་སྐུ་འགྲོན་མི་སྣ་མང་དག་ཞིག་ཀྱང་ཕེབས་ཡོད།


སྐུ་འགྲོན་དུ་དམིགས་བསལ་ཕེབས་བཅར་གནང་མཁན་རི་ཀོན་མཁན་རིན་པོ་ཆེ་མཆོག  ས་གནས་རུ་ཏི་རྫོང་དཔོན་པི་ཊར་ལུ་གིན་བྷུལ།    ཇི་ནེ་ཝ་སྐུ་ཚབ་དོན་གཅོད་ཁང་དུ་ཕྱག་ལས་གནང་མཁན་ཟླ་བ་ཚུལ་ཁྲིམས་ལགས།སུད་སི་དང་ལིཀ་ཊིན་སྤྲཡན་བོད་རིགས་མི་མང་ཀྱི་ཚོགས་གཞོན་པདྨ་ལྷ་ནིང་ལགས།   སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མས་བུག་ལི་ལགས།   བུད་མེད་ཚོགས་གཙོ་དབྱངས་སྐྱིད་ནེ་ལུང་ལགས།  དང་  རྒྱ་གྲམ་དམར་པོའི་ལས་བྱེད་ཟུར་པ་ལྕམ་སིག་རིད་ཡོས་བཅས་ཡིན།

 ཉིན་གུང་ཆུ་ཚོད།  ༣།༠༠   པའི་ཐོག་མཛད་སྒོ་དབུ་བཙུགས་ཏེ།༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་ གདིང་ཆའི་བཞུགས་ཁྲིའི་སྟེང་གདན་འདྲེན་གྱིས།     རུ་ཏིའི་ཚོགས་ཆུང་གི་འཐུས་མི་སྐུ་ཞབས་བཀྲིས་ནོར་ཁང་གསར་མཆོག་ནས་དེར་ཡོད་ཀུན་ལ་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུས་སོང་།

དེ་ནས་སུད་སི་དང་ལིཀ་ཊིན་སྤྲཡན་བོད་རིགས་མི་མང་ཟློས་གར་ཚོགས་པ་ནས་བོད་རྒྱལ་ཁབ་ཆེན་པོའིི་རྒྱལ་གླུ་བཏང་བ་དང་།  རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་གཞིས་ལུས་དཔའ་བོ་དཔའ་མོ་འདས་གྲོང་ཕྱིན་པ་རྣམས་ལ་ཞལ་འདོན་སྨོན་ལམ་གསུངས་བ་དང།   ཆབ་ཅིག་གསོལ་ཇ་བོད་ཇ་འབྲས་སིལ་སྐུ་འགྲོན་དང་མི་མང་རྣམས་ལ་འདེགས་འབུལ་ཞུས་སོང་།   རུ་ཏི་ཚོགས་ཆུང་འཐུས་མི་བཀྲིས་ནོར་ཁང་གསར་མཆོག་གི་གསུང་བཤད་གནང་དོན་ནི།   དམིགས་བསལ་རུ་ཏིའི་སུད་སིའི་གནས་ཡོད་མི་སྣ་དང་།   སྤྱིར་གྱིས་སུད་སི་མི་མང་རྣམས་ལ།   ལོ།   ༥༠   གོང་སུད་སིར་རང་གི་ཕ་ཡུལ་གཉིས་པ་ལྟ་བུའི་བོད་ཀྱི་ཆོས་དང་རིགས་གཞུང་སྲུང་སྐྱོབས་བྱེད་རྒྱུའི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་སོང་།

དེ་རྗེས་སུད་སིའི་ཟློས་གར་ནས་བཀྲིས་ཞོལ་པ་གཟིགས་འབུལ་ཞུས་སོང་།   ཁྲབ་སྟོན་པ་རྣམས་ཀྱི་གྱོན་ཆས་འདྲ་འབག་དེ་དུས་རབས།   ༡༣    པའི་ནང་བྱུང་བའི།    བོད་ཀྱི་ལྷ་མོ་དབུ་བརྙེས་མཁན་དང་གུ་རུའི་ཐུགས་སྤྲུལ་གྲུབ་ཐོབ་ཐང་ཐོང་རྒྱལ་པོ་མཚོན་བྱེད་ཡིན།

སྐུ་འགྲོན་དུ་ཕེབས་ནས་གསུང་བཤད་གནང་མཁན་རྣམས་ནི།    དགེ་བཤེས་ཐུབ་བསྟན་ལེགས་སྨན། རྫོང་དཔོན་སྐུ་ཞབས་པི་ཊར་ལུ་གིན་བྷུལ།  ཟླ་བ་ཚུལ་ཁྲིམས་ལགས། པདྨ་ལྷ་ནིང་།   སྐུ་ཞབས་ཝི་ལི་བོ་ཊ་རྣམས་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང་།      སྐུ་ཞབས་ལུ་གིན་བྷུལ་གྱིས་གསུང་བཤད་ནང་༧སྐྱབས་མགོན་རིན་པོ་ཆེའི་གསུང་ཚིགས་བཅད་གཅིག་ལ་གསལ་བཤད་གནང་བ་དེ་ལྟར་ཏེ།   ཁྱེད་རང་གི་གཞན་ལ་བཤད་དུས།    རང་ཉིད་ཀྱི་གང་ཤེས་པ་དེ་སྐྱར་ཟློས་བྱེད་ཀྱི་ཡོད།   ཡིན་ནའང་གཞན་ཀྱིས་བཤད་པར་ཉན་དུས་ལེགས་ཆ་གསར་པ་ཞིག་ཤེས་ཀྱི་ཡོད་གསུངས་པའི་ལེགས་བཤད་དེ།     ངའི་ཉིན་རེའི་ལས་ཀའི་བྱ་གཞག་དང་སྲིད་དོན་གྱི་ལས་ཕྱོགས་ནང་བསླབ་བྱ་དེ་འཁྱེར་གྱི་ཡོད་ཞེས་གསུངས་སོང་།

དུས་ཆེན་དང་སྟབས་བསྟུན་བོད་ཀྱི་སྐོར་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།    དེ་ནི་བོད་ནང་ཛ་དྲག་གནས་སྟངས་ཐོག་གནས་ཚུལ་སྤེལ་ཡག་དང་བོད་ཀྱི་གནས་སྟངས་ཐོག་སེམས་ཚོར་ཡོང་ཆེད་ཡིན།བརྙན་ཐུང་འདིའི་ནང་དུ་བོད་མི་སུད་སིར་ཐོག་མར་བསླེབས་པའི་པར་དང་བརྙན་ཐུང་སོགས་ཀྱང་ཡོད།
 དེ་ནས་རུ་ཏི་ཚོགས་ཆུང་འཐུས་མི་སྐུ་ཞབས་ནོར་ཁང་གསར་ནས།   རུ་ཏི་རྫོང་དཔོན་པི་ཊར་ལུ་གིན་བྷུལ་དང་། ལྕམ་སིག་རིད་ཡོས་དང་།    སྐུ་ཞབས་ཝི་ལི་བོ་ཊ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་མཇལ་དར་དང་དྲན་རྟེན་རེ་ཕུལ་སོང།
 དེ་རྗེས་དགོང་དྲོ་རྩེད་མོ་བིང་གོ་རྩེ་བ་དང་སྦྲགས།    ཚོགས་ཁང་དུ་དུས་ཆེན་སྤྲོ་གནང་དོད་པོའི་རྣམ་པ་ཞིག་བྱུང་སོང་། རོལ་དབྱངས་རྩེ་རིགས་སོགས་ཕུན་སུམ་ཚོགས་པ་གོ་སྒྲིག་ཐོག་རོ་བརྒྱ་བཅུད་ཀྱིས་ཕྱུག་པའི་དགོངས་ཟས་ཟབ་རྒྱས་ཞིག་ཀྱང་བསྐྱགས་སོང། 

 དགོང་མོའི་གཞས་སྣ་གཟིགས་འབུལ་ཞུས་མཁན་ཁག་ནི།    རུ་ཏིའི་ཚོགས་མི་རྣམ་པ་དང་ཕྲུག་གུ་རུ་ཏིེའི་གཞས་སྣ་ཚོགས་ཆུང།    མི་མང་ཟློས་གར་རྣམས་ནས་བོད་ཆོལ་ཁ་གསུམ་གྱིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང།     དམིགས་བསལ་གྱིས་དུས་དྲན་དང་འབྲེལ་བའི་གཞས་ཚིག༼སྨོན་ཚིག༽ཞེས་པ་དེ་རུ་ཏི་ཚོགས་མི་རྣམས་ནས་ཁྲབ་སྟོན་གནང་སོང།

དེ་ནས་དགོང་མོའི་འཁྲབ་སྟོན་གསལ་ཉམས་དོད་ཤོས་ཤིག་ནི།    སུད་སི་ཟློས་གར་ནས་ཁྲབ་སྟོན་རྔོན་པ་ཞེས་པ་གཟིགས་འབུལ་ཞུས་པ་དེ་རེད།    སྤྱིར་སྟངས་ཁྲབ་སྟོན་འདི་ནི་ལྷ་མོའི་འཁྲབ་སྟོན་ཞུས་སྐབས་ཐོག་མར་འཁྲབ་རྒྱུའི་ལེ་ཚན་ཞིག་རེད།    དེའི་དགོས་དོན་ནི་ལྷ་མོ་ཁྲབ་སའི་གདིང་ཆ་གཙང་མ་བཟོ་ཆེད་དང་འཁྲབ་སྟོན་ལམ་ལྷོང་ཡོང་ཆེད་རེད།     དེ་སྟེང་ལྷ་མོ་མུ་འཐུད་གཟིགས་འབུལ་ཞུ་གིི་ཡོད། སྐུ་འབག་གྱོན་པའི་འཁྲབ་སྟོན་པ་ཚོར་རྔོན་པ་ཞེས་ཟེར། དེས་ཕྱག་ན་རྡོ་རྗེ་མཚོན་གྱི་ཡོད།    ཁོང་ནི་སངས་རྒྱས་ཐམས་ཅད་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་དང་། ཐེག་པ་ཆེན་པོའིི་བྱང་ཆུབ་སེམས་པ་བརྒྱད་ནང་གཅིག་ཡིན། འཁྲབ་སྟོན་མ་ཚོའི་མགོ་ལ་གྱོན་པའི་དབུ་རྒྱན་དེ་རྒྱལ་བ་རིགས་ལྔ་དང་རང་ཉིད་ལྷ་མོ་མཚོན་གྱི་ཡོད།     འཁྲབ་སྟོན་འཇུག་ཏུ་འཁྲབ་སྟོན་པ་རྣམས་ནས་ལྷ་རྒྱལ་རྩམ་པ་གཏོར་བ་དེ་སངས་རྒྱས་བྱང་སེམས་གཞི་བདག་ལྷ་ཀླུ་རྣམས་རྣམས་ལ་མཆོད་པ་ཡིན།   དེས་སྐྱེ་འགྲོ་སྤྱི་ལ་བདེ་སྐྱིད་བག་ཕེབས་ཡོང་ཆེད་ཡིན།

འཁྲབ་སྟོན་མཐའ་མར་རུ་ཏི་ཚོགས་ཆུང་གཞས་མ་རྣམས་ནས་ཆོལ་གསུམ་མི་སྣ་མཉམ་ཐོན་ཞེས་པའི་གཞས་སྣ་འཁྲབ་སྟོན་ཞིག་གཟིགས་འབུལ་ཞུས་སོང།   འཁྲབ་སྟོན་དེས་བོད་ཆོལ་ཁ་གསུམ་མམ། དབུས་གཙང་མདོ་སྟོད་མདོ་སྨད་གསུམ་སྡོག་རྩ་གཅིག་སྒྲིལ་མཚོན་གྱི་ཡོད།

དུས་ཆེན་རྫོགས་མཚམས་སུ་སྐུ་ཞབས་ནོར་ཁང་གསར་ལགས་ས་གནས་རུ་ཏི་ཟློས་གར་རྒན་ལགས་ཞི་སྲས་ཚང་ཚེ་རིང་ལགས།   ཡེ་ཤེས་ཆོས་སྒྲོན་ལགས།  རུ་ཏི་ལོ།  ༥༠  འཁོར་བའི་གཞས་ཚིག་བརྩམས་གནང་མཁན་ཆོས་པ་དར་མི་མང་ཚང་བཅས་ལ།    ཐུགས་རྗེ་ཆེ་ཞུ་བ་དང་མཇལ་དར་རེ་བསྒྲོན་སོང།

སླར་ཡང་དུས་ཆེན་གཞུག་རྩར་དུས་ཆེན་དུ་ཕེབས་པའི་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་ཡིན་མཁན་རྣམས་ནས་འབོད་གུལ་ཀྱིས་གཞས་སྣ་ཞིག་གཟིགས་འབུལ་ཞུས་སོང་།

གཞས་སྣ་འཁྲབ་སྟོན་རྫོགས་ལ་ཉེ་བ་དང་སྦྲགས།    སྐུ་འགྲོན་དང་མི་མང་ནས་སྒོར་གཞས་ཆུ་ཚོད།  ༢༣།༠༠ བར་དུ་བསྐྱོན་ནས་དུས་ཆེན་རྒྱས་ཞིང་འཇུག་སྒྲིལ་སོང།      བརྗེད་དུ་མེད་པའི་རུ་ཏི་ཚོགས་ཆུང་ལོ།   ༥༠  འཁོར་བའི་དུས་དྲན་ཡག་པོ་དང་ཚགས་ཚུད་པོ་ཡོང་བ་དེ།    དུས་དྲན་དེའི་ཆེད་ཐོག་མ་ནས་གྲ་སྒྲིག་གནང་མཁན་ཙམ་མ་ཡིན་པར།   དུས་དྲན་སྐབས་དང་དུས་དྲན་མ་ཚར་བར་ཕྱག་ལས་གནང་མཁན་ཚང་མའི་འགན་འཁུར་གནང་བའི་བཀྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད།     དུས་ ཆེན་དེར་ཆ་ཤས་ལེན་མཁན་སྐུ་འགྲོན་རྣམས་ནས་དུས་དྲན་ཡག་པོ་དང་སྐྱིད་པོ་བྱུང་བའི་འཕྲིན་ཡིག་ལེན་འདེབས་གནང་བ་དེས།    ང་ཚོ་ཚང་མས་དུས་དྲན་དེའི་ཐོག་ནུས་པ་དང་དུས་ཚོད་སྟོན་པ་དེ་གོ་ཆོད་པར་ངོས་འཛིན་ཞུ་གི་ཡོད།

ད་ལམ་ང་ཚོ་རུ་ཏི་ཚོགས་ཆུང་ནས་རུ་ཏི་གཞིས་ཆགས་ནས་ལོ། ༥༠འཁོར་བའི་དུས་དྲན་ལ་ཕེབས་པའི་སྐུ་ འགྲོན་དང་གྲོགས་པོ་གྲོགས་མོ་ཚོགས་མི་ཐམས་ཅད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།    །
བཀྲིས་བདེ་ལེགས།    ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།