ཨན་ནེ་སུ་ཁེན་ཊར་དང་བསྟན་འཛིན་བརྩོན་འགྲུས་གཉིས་ལ་ཐུགས་རྗེ་ལེགས་འབུལ།

དེ་རིང་ཕྱི་ལོ་༢༠༢༢ལོའི་་ཟླ༤ཚེས་༣རེས་གཟའ་ཉི་མའི་ཉིན། འདི་ག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གོ་སྒྲིག་འོག ཡོ་རོབ་གྱི་ཕྱི་དྲོར་ཆུ་ཚོད་༣པའི་ཐོག སུད་སི་ Uster ས་གནས་སུ་ཡོད་པའི་ Stadthofsaal ཚོགས་ཁང་དུ། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་ NBA ལག་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན ་ Enes Kanter Freedom མཆོག་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་རྣམས་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོ་ཞིག་ཚོགས་གནང་སོང་།

དེར་བོད་མི་ཉིས་བརྒྱ་ལྷག་འདུ་འཛོམས་ཐོག ་ Enes Kanter Freedom མཆོག་ཚོགས་ཁང་ནང་དུ་ཕེབས་བསུ་གཟབ་རྒྱས་བྱས་གནང་བ་དང་འབྲེལ། ཡུ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་སོན་རྩ་ཟློས་གར་ཚོགས་པའི་ངོས་ནས་རྟེན་འབྲེལ་བཀྲ་ཤིས་ཞོལ་པ་འཁྲབ་གནང་ཏེ་མཛད་རིམ་དབུ་འཛུགས་གནང་སོང་།

སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མི་མང་ཚོགས་གཙོ་མཆོག་ནས་ Enes Kanter Freedom མཆོག་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་རྣམས་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་འབུལ་གྲུབ་རྗེས། Enes Kanter Freedom མཆོག་གིས་མི་མང་ལ་གཏམ་བཤད་གནང་བའི་ནང་། ཉེ་ཆར་ཁོ་རང་གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བའི་མྱོང་ཚོར་ཚོར་ཤུགས་ཆེན་པོ་ངང་གསུང་སོང་ལ། དེ་བཞིན་ཁོང་གིས་མ་འོངས་པར་སུད་སི་རུ་ཡོད་པའི་བོད་ཀྱི་བྱིས་པ་ཚོ་ལ་ལག་རྩེད་སྤོ་ལོ་གྱི་སྤྱོང་བརྡར་ཞིག་གནང་རྒྱུ་ཡིན་པ་བཅས་ཀྱི་སྐོར་གསུང་གནང་སོང་།

དེ་བཞིན་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་གཅིག་མཚུངས་ཀྱི་སྒོ་ནས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཐུགས་རྗེ་ལེགས་འབུལ་གྱི་མཇར་དར་དང་་ཕྱག་རྟགས་གནང་རྗེས། ཁོང་མི་མང་ལ་སེམས་འགུལ་ཐེབས་པའི་གཏམ་བཤད་རིང་པོ་ཞིག་གནང་བའི་ནང་། ཁོང་དགུང་གྲངས་ཉེར་གཉིས་སྟེང་བོད་དུ་སོང་ནས་རྒྱ་ནག་གི་བཙོན་ཁང་ནས་སྡུག་སྤྱོང་མནར་གཅོད་མྱོང་སྟངས་སྐོར་དང་། བོད་མི་ཚོས་སྔར་བཞིན་རེ་བ་མ་བརླག་པར་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་པ་དང་། ལྷག་པར་བོད་དོན་འཐབ་རྩོད་ཐད་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་དགོས་པའི་སྐོར་ལ་གཏམ་བཤད་གནང་སོང་ལ། དེ་བཞིན་མཛད་སྒོར་དེ་ཆེད་ཕེབས་གནང་བའི་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་བྱས་ནས་ Enes Kanter Freedom མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཤིག་ཕུལ་གནང་སོང་།

མཐར་ཡུ་རོབ་གཞོན་ནུའི་མཐུན་ཚོགས་ཀྱི་ཟློས་གར་ནས་་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་རྔོན་པ་གཟིགས་འབུལ་གནང་བ་དང་། གཞན་མངའ་སྡེ་ལུ་རྫན་གྱི་ཟློས་གར་ངོས་ནས་གཞས་སྣ་ཁག་གྲུབ་རྗེས། མཛད་རིམ་མཇུག་སྒྲིལ་གནང་སོང་།
Enes Kanter Freedom མཆོག་ནི་༡༩༩༢ལོར་ཟླ་༥བའི་ཚེས་༢༠ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་སྐྱེས་ཤིང་། ཁོང་གི་ཕ་མ་གཉིས་ཏུར་ཁེ་ནས་ཡིན་པ་རེད། ད་ལྟ་ཁོང་ཨ་རིའི་མི་སེར་ཡིན་ཞིང་། འཛམ་གླིང་ལག་རྩེད་སྤོ་ལོ་རུ་ཁག་སྐད་གྲགས་ཅན་ NBA ནང་གི་རྩེད་འགྲན་པ་རྩེ་གྲས་ཤིག་ཡིན། ཁོང་གིས་རྒྱལ་སྤྱིའི་ཆབ་སྲིད་པ་དང་། རྒྱ་ནག་གི་གནོད་ཤུགས་ལ་མ་འཛེམས་པར། སྔ་ཕྱི་རིམ་པར་བོད་དང་། ཡུ་གུར། གཞན་འཛམ་གླིང་གི་མི་རིགས་ཉམས་ཆུང་དག་གི་ཕྱོགས་སུ་ལངས་ཏེ། རང་དབང་དང་དམངས་གཙོ། བདེན་དོན་སོགས་ཀྱི་ཆེད་ཕྱག་ལས་རླབས་ཆེན་གནང་བཞིན་པ་ཡིན། ༢༠༢༢ ཟླ་ ༤ ཚེས་༦་ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པས། ༢༠༢༢ ལོའི་སྙིང་སྟོབས་གཟེངས་རྟགས་ཞེས་པ་དེ་ཁོང་ལ་འབུལ་གཏན་ཁེལ་ཡོད་པ་རེད་འདུག

འབྲུག་ལོ་ཚང་ཕུན་ཚོགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 2 སྡོམས་རོགས།