ཨ་རིའི་༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༤ཚེས་༡༡ཉིན། ཟླ་འདིའི་ཕྱི་ཚེས་༨ཉིན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་༢༠༡༠ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་རྒྱ་ནག་གིས་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ། ཟིན་བྲིས་པ། གསར་འགོད་པ་སོགས་ལ་དམ་དྲག་ཆེན་པོ་བྱས་སྟེ། དྲ་ཐོག་འབྲེལ་འདྲིས་དང་སྨྲ་བརྗོད་རང་དབང་སོགས་ཀྱི་ཐད་ལ་སྟངས་འཛིན་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ་སོགས་བཀོད་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ལྟ་བ་དང་མི་མཐུན་པའི་མི་སྣ་ཚོར་བཙན་དྲག་གིས་གར་སོང་ཆ་མེད་དུ་གཏོང་བ་དང་དམ་དྲག་ཆེན་བའི་བཟང་བཙོན་དུ་བཅུག་པ། གང་འདོད་ཀྱིས་མུན་དོང་དུ་བཀག་ཉར་དང་བཙོན་འཇུག་བྱེད་པ་སོགས་ཁྲིམས་དང་མི་མཐུན་པའི་བྱེད་ཐབས་སྣ་ཚོགས་བཀོལ་བཞིན་ཡོད་ལ། བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་ལ་མུ་མཐུད་ནས་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་པའི་གནས་ཚུལ་སོགས་བཀོད་ཡོད་པ་རེད། གཞན་ཡང༌། བོད་རང་སྐྱོང་ལྗོངས་ཁོངས་སུ་བོད་མི་ས་ཡ་༢.༧ཙམ་ཡོད་ལ། དེ་མིན་གྱི་ས་ཁུལ་ཁག་ཏུ་བོད་མི་ས་ཡ་༢.༩ལྷག་ཡོད་པའི་ཚོད་རྩིས་བྱས་ཡོད་ཀྱང༌། སྲིད་གཞུང་གི་དམ་དྲག་འོག་བོད་རང་སྐྱོང་ལྗོངས་དང་བོད་མི་འདུས་སྡོད་བྱས་ཡོད་པའི་ས་ཁུལ་གཞན་དག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་རྒྱུས་ལོན་བྱ་རྒྱུ་ཧ་ཅང་ཁག་པོ་འདུག་ཅེས་བཀོད་ལ། ཤོག་གྲངས་༧༠༠༠ལྷག་ཡོད་པའི་སྙན་ཐོ་དེའི་ནང་དུ་སྨྲ་བརྗོད་རང་དབང་སོགས་ཀྱི་རྐྱེན་གྱིས་ཚོགས་པ་དང་ལས་འགུལ་བར་དྲག་གནོན་བྱས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གཙོ་བོར་བཟུང་ནས་བཀོད་ཡོད་པ་དང༌། ས་བྱི་ལོའི་ཞི་རྒོལ་བྱུང་ནས་ལོ་ངོ་གཉིས་ལྷག་འགྲོ་ཟིན་ནའང༌། རྒྱ་གཞུང་གིས་ད་དུང་བོད་ས་ཀུན་དུ་དམག་དཔུང་བཀྲམ་ཏེ་དམ་དྲག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད། ཁྲིམས་མེད་ལུགས་མེད་ཀྱིས་མི་མང་འཛིན་བཟུང་དང་བཀག་ཉར་བྱེད་བཞིན་ཡོད་པ་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་རིག་གནས། སྐད་ཡིག་སོགས་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐུབ་རྒྱུར་ཐུགས་ཁུར་ཆེན་པོ་ཡོད་ཅེས་བཀོད་ཡོད་འདུག ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྕམ་ཧེ་ལུ་རའི་ཁུ་ལུན་ཊོན་གྱིས་ས་བྱི་ལོའི་ཞི་རྒོལ་གྱི་སྐོར་ལ་གསུང་བཤད་གནང་དོན། རྒྱ་གཞུང་གིས་ལྷ་སའི་དོན་རྐྱེན་ཁྲོད་དུ་མི་གྲངས་༢༢ལས་འདས་གྲོངས་སུ་གྱུར་མེད་ཚུལ་བརྗོད་ཡོད་ཀྱང༌། བཙན་བྱོལ་བོད་གཞུང་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སོགས་ཚུད་པའི་སྤྱི་ཚོགས་རྟོག་ཞིབ་པ་མང་པོས་སྐབས་དེའི་རྒྱ་གཞུང་གི་དྲག་གནོན་འོག ཉུང་མཐའ་ཡང་བོད་མི་༡༠༠ནས་༢༡༨ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད་ཅེས་བརྗོད་འདུག དེ་བཞིན་ཨ་རིའི་མཐོ་རིམ་ཕྱི་འབྲེལ་བས་༢༠༠༨ལོའི་ཞི་རྒོལ་བ་ཚོར་ཁྲིམས་ཐག་གཅོད་སྐབས་རྒྱལ་ཕྱིའི་རྟོག་ཞིབ་པ་ཚོར་ཟུར་ཉན་བྱེད་དུ་བཅུག་མེད་པས། ཁོ་ཚོར་དྲང་བདེན་དང་ཚད་ལྡན་གྱིས་ཁྲིམས་ཆད་བཏང་ཡོད་མེད་ཀྱི་ཡིག་ཆ་ཙམ་ཡང་ངེས་གཏན་ཞིག་རག་གི་མི་འདུག་ཅེས་བརྗོད་ཡོད་པ་རེད།

གཞན་ཡང༌། ཆབ་སྲིད་བཙོན་མ་མང་པོ་བོད་དུ་བཙོན་འཇུག་བྱས་ཡོད་ལ། རྒྱ་ནག་གིས་གང་འདོད་ཀྱིས་བཀག་ཉར་བྱས་པའི་ནང་དུ་གྲྭ་བ་དང་བཙུན་མ་སོགས་ཡོད་པ་མ་ཟད། བོད་རྒྱུད་ནང་བསྟན་གྱི་དབུ་ཁྲིད་གཉིས་པ་པཎ་ཆེན་ཆོས་ཀྱི་ཉི་མ་དང་ཁོང་གི་ཁྱིམ་མི་སོགས་ཀྱིས་མཚོན་པའི་བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། དེ་བཞིན་བལ་པོའི་ས་མཚམས་ནས་ཕྱིར་སློག་བཏང་བའི་བོད་པ་སྐྱབས་བཅོལ་བ་ཚོར་གློག་རྒྱུག་གཞུ་བ་སོགས་མནར་གཅོད་བཟོད་དཀའ་བ་གཏོང་གི་ཡོད་པ་དང༌། བཙན་སྐུལ་གྱིས་ཚད་ལས་བརྒལ་བའི་ངལ་རྩོལ་ཉེན་ཚབས་ཅན་སྣ་ཚོགས་བསྐོས་ཀྱི་ཡོད་པ་མ་ཟད། རྒྱུན་དུ་རྟོག་ཞིབ་བྱས་ནས་ཡང་བསྐྱར་ཁྲིམས་ཆད་གཅོད་པ་སོགས་ཁྲིམས་མེད་ལུགས་མེད་ཀྱིས་ཉེས་ཆད་ཡ་ང་བ་གཏོང་བཞིན་ཡོད་པའི་སྐོར་བཀོད་ཡོད་ལ། ༢༠༠༩ལོའི་ཟླ་༡༢པའི་ནང་དུ་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་གཞོན་པས་རྒྱལ་ཕྱིའི་ཕྱི་འབྲེལ་ལས་ཁུངས་ལ། རང་སྐྱོང་ལྗོངས་སུ་ཡོད་པའི་བཙོན་ཁང་ཆེན་པོ་༥ཡི་ནང་དུ་ངལ་རྩོལ་བསྒྱུར་བཀོད་མི་དགོས་པའི་བཙོན་མ་ཕལ་ཆེར་༣༠༠༠ལྷག་ཡོད་ཅེས་འགྲེལ་བརྗོད་བྱས་པའི་གནས་ཚུལ་བཀོད་ཡོད་པ་རེད།

སྙན་ཐོའི་ནང་དུ་ས་བྱི་ལོའི་ཞི་རྒོལ་གྱི་སྐོར་བཀོད་དོན། ༢༠༠༨ལོའི་ཟླ་༣པའི་དོན་རྐྱེན་ཁྲོད། བོད་མི་མང་པོ་བཀག་ཉར་བྱས་ཡོད་པ་མ་ཟད། སྔར་དང་མི་འདྲ་བར་རྡུང་རྡེག་དང་མནར་གཅོད་དྲག་པོ་བཏང་ཡོད་ལ། ཁ་ཤས་ལ་ཁྲིམས་ཁང་གི་འདྲི་གཅོད་དང་ཞིབ་བཤེར་སོགས་གང་ཡང་མ་བྱས་པར་ལོ་ངོ་༣ལྷག་ལ་ངལ་རྩོལ་བྱེད་དུ་བཅུག་ཡོད་པ་དང༌། བཅའ་ཁྲིམས་གཏན་འབེབས་ཀྱི་ནང་དུ་བཙོན་མ་ཚོས་ཉིན་རེར་ཆུ་ཚོད་༡༢རིང་ལས་ཀ་བྱེད་དགོས་ལ། བདུན་ཕྲག་གཉིས་རེའི་རྗེས་སུ་གུང་གསེང་ཉིན་གཅིག་གཏོང་རྒྱུ་གཏན་འཁེལ་བྱས་ཡོད་ཀྱང༌། མཚམས་རེར་དེའང་ཁྲིམས་ཀྱི་གཏན་འབེབས་ལྟར་ལག་བསྟར་བྱེད་ཀྱི་མེད་པ་དང༌། བཅའ་ཁྲིམས་ལྟར་ན། དོགས་ཡོད་ཉེས་ཅན་བཀག་ཉར་བྱེད་པའི་དུས་ཡུན་ནི་ཉིན་༣༧ཡིན་ལ། ཆུ་ཚོད་༢༤ནང་དོགས་ཡོད་ཉེས་ཅན་གྱི་ཁྱིམ་མི་དང་འབྲེལ་ཡོད་མི་སྣ་ལ་ངེས་པར་དུ་བརྡ་ལན་སྟེར་དགོས་ཀྱི་ཡོད་ཀྱང༌། ཉེན་རྟོག་ལས་ཁུངས་ཀྱིས་རྒྱུན་དུ་གཏན་འབེབས་འདི་ལ་རྒྱབ་འགལ་བྱེད་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་༢༠༠༨ལོའི་ཟླ་༣ནས་༤བར་དུ་བོད་ཁུལ་ནས་ཁྱོན་མི་གྲངས་༡༣༡༧བཀག་ཉར་བྱས་ཡོད་ལ། དེའི་ནང་ནས་མི་༡༡༡༥གློད་བཀྲོལ་བཏང་ཡོད་ཚུལ་བསྒྲགས་ཡོད་ཀྱང༌།

ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་སྐབས་དེར་ཁྱོན་མི་གྲངས་༤༤༣༤བཀག་ཉར་བྱས་ཡོད་ལ། དེའི་ནང་ནས་མི་༡༣༡༥ཙམ་ལྷ་ས་རང་ནས་རེད་ཅེས་བརྗོད་ཡོད་ལ། དེ་བཞིན་རྒྱལ་ཕྱིའི་ཚོགས་པ་ཁག་ནས་ཀྱང་ཁྱོན་མི་གྲངས་༥༦༠༠བརྒལ་བ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད། ཅེས་བཀོད་ཡོད་འདུག

ཡང་རྒྱ་གཞུང་གིས་རྒྱལ་ཕྱིའི་གསར་འགོད་པ་ཚོ་བོད་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པའི་སྐོར་བཀོད་དོན། རྒྱལ་ཕྱིའི་གསར་འགོད་པ་ཚོས་རྒྱ་གཞུང་གི་ལྟ་སྐོར་ཚོགས་པའི་བཀོད་སྒྲིག་ཁོ་ན་ལ་ཉན་དགོས་ལ། བོད་ཁུལ་དུ་སྐྱོད་སྐབས་ངེས་པར་དུ་སྲིད་གཞུང་གིས་མངག་གཏོང་བྱས་པའི་མི་སྣ་དང་མཉམ་དུ་འགྲོ་དགོས་པས། རང་དབང་གི་ཐོག་ནས་གནས་ཚུལ་མཁོ་འདོན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོད་པ་དང༌། ཕྱི་ལོ་༢༠༠༨ལོར། རྒྱ་གཞུང་གིས་རྒྱལ་ཕྱིའི་གསར་འགོད་པ་ཚོས་གནས་ཚུལ་མཁོ་འདོན་བྱེད་རྒྱུར་སྲིད་གཞུང་ལ་སྙན་ཞུ་རྒྱག་མི་དགོས་པའི་ཁྱབ་བསྒྲགས་སྤེལ་ཡོད་ཀྱང༌། རྒྱུན་དུ་རྒྱལ་ཕྱིའི་གསར་འགོད་པ་ཚོ་བོད་ཁུལ་ནས་ཕྱིར་ཕུད་གཏོང་བཞིན་ཡོད་པའི་རྐྱེན་གྱིས། ཕྱི་ཟླ་༦པའི་ནང་དུ། རྒྱ་ནག་ཏུ་ཡོད་པའི་རྒྱལ་ཕྱིའི་གསར་འགོད་མཐུན་ཚོགས་ནས་སྲིད་གཞུང་རང་ཉིད་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཇི་བཞིན་དུ་ལག་བསྟར་བྱས་སྟེ། རྒྱལ་ཕྱིའི་གསར་འགོད་པ་བོད་ཁུལ་དུ་བསྐྱོད་རྒྱུར་སྒོ་མོ་ཕྱེ་དགོས་པའི་རེ་སྐུལ་བྱས་ཡོད་པ་མ་ཟད། ཁོ་ཚོས་རྒྱུས་ལོན་བྱུང་པ་ལྟར་ན། ཕྱི་ནང་གི་གསར་འགོད་པ་བརྒྱ་ཆ་༨༦ཙམ་གྱིས་བོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་རྣམས་ཁུངས་ལྡན་དང་ཡོངས་ཁྱབ་ཀྱིས་མཁོ་འདོན་བྱེད་ཐབས་མེད་ཚུལ་བརྗོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང༌། འདས་པའི་ལོ་༢ནང་དུ། གསར་འགོད་པ་༣༥ལྷག་གིས་བོད་རང་སྐྱོང་ལྗོངས་སུ་ལྟ་སྐོར་དུ་འགྲོ་རྒྱུར་སྙན་ཞུ་བརྒྱབ་ཡོད་ཀྱང༌། མི་༤ལ་མ་གཏོགས་ཆོིག་མཆན་སྤྲད་མེད་པ་རེད། ཡིན་ནའང༌། རྒྱལ་ཕྱིའི་གསར་ལམ་ཁག་གཅིག་གི་གསར་འགོད་པ་རྒྱ་ནག་གི་ངན་ཇུས་ཀྱི་རྒྱ་ལས་ཐར་བར་བརྟེན། ཡུལ་ཤུལ་ས་ཡོམ་གྱི་གནས་ཚུལ་མང་པོ་ཞིག་དུས་ལྟར་མཁོ་འདོན་ཐུབ་ཡོད་པ་རེད་ཅེས་དང༌།

རྒྱ་གཞུང་གིས་རྒྱུན་དུ་བོད་ཡིག་དྲ་བའི་འཕེལ་རྒྱས་ལ་རྟོག་ཞིབ་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། ཟིན་བྲིས་ཀྱི་ནང་དོན་ཧྲིལ་པོ་ནག་བསུབ་གཏོང་བ་དང་ཐ་ན་དྲ་རྒྱ་གཏན་དུ་སྒོ་བརྒྱབ་པའི་གནས་ཚུལ་མང་དུ་འབྱུང་བཞིན་ཡོད་པ་དང༌། བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་ཆབ་སྲིད་ཁ་བྲལ་རིང་ལུགས་དང་ཆོས་ལུགས་ཀྱི་བྱེད་སྒོ་བཀག་འགོག་བྱེད་ཕྱིར་དམར་པོའི་ཆབ་སྲིད་ཀྱི་སློབ་གསོ་སྣ་ཚོགས་སློབ་ཚན་དུ་བཞག་ཡོད་པ་མ་ཟད། སྲིད་གཞུང་གི་གསར་ལམ་ཁག་ནས་མི་མང་གིས་བློ་གཅིག་སེམས་གཅིག་གིས་ཏང་དང་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་བསྔགས་བརྗོད་དང་བསྟོད་གླུ་ལེན་པ་སོགས་ཀྱི་ཁྱབ་བསྒྲགས་རྫུན་པ་སྤེལ་གྱི་ཡོད་ཅིང༌། སློབ་གྲྭ་ཁག་གི་སློབ་ཚན་དང༌། མི་སྒེར་དང་ཚོགས་པ་སོགས་ནས་ལོ་རྒྱུས་དང་ཆབ་སྲིད་ཀྱི་བརྩམས་ཆོས་པར་སྐྲུན་དང་འགྲེམས་སྤེལ་བྱེད་རྒྱུར་སྲིད་གཞུང་གིས་སྟངས་འཛིན་ཆེན་པོ་བྱེད་ཀྱི་ཡོད་པ་དང༌། རྒྱུན་དུ་བོད་རིགས་མཁས་དབང་ཚོ་རྒྱལ་ཕྱིའི་ལག་རྩལ་སློབ་སྦྱོང་དང་རིག་གནས་བརྗེ་རིས་ཀྱི་ཚོགས་འདུར་ཞུགས་རྒྱུར་བཀག་འགོག་དང༌། དེ་བཞིན་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་མོས་མཐུན་མེད་མཁན་དང་བོད་ལ་བཟུང་བའི་སྲིད་བྱུས་ལ་ཡོངས་ཁྱབ་ཀྱིས་སྐྱོན་བརྗོད་བྱེད་མཁན་སོགས་ལ་མཐའ་གཅིག་ཏུ་ཐེར་འདོན་དང་དུས་ལྟར་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།

རྒྱ་གཞུང་གི་བཙན་སྐུལ་འོག་འབྲོག་དམངས་གཏན་སྡོད་དང་མི་སེར་གནས་སྤོས་ཀྱི་སྲིད་བྱུས་རྒྱ་ཁྱབ་ཏུ་སྤེལ་བཞིན་ཡོད་པའི་སྐོར་ལ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་མིང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བའི་འཆར་གཞི་མངོན་འགྱུར་ཡོང་ཕྱིར། རྒྱ་རིགས་སོགས་མི་རིགས་གཞན་དག་བོད་ཀྱི་ས་ཁུལ་ཁག་ཏུ་སྤྲོ་འཆམ་ལ་ཡོང་བའི་ཡུལ་སྐོར་སྣེ་ཤན་གྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང༌། བོད་ཀྱི་ཞིང་འབྲོག་མི་མང་ལ་ཁྱིམ་གཞི་གསར་འཛུགས་ཀྱི་སྲིད་བྱུས་ལག་བསྟར་བྱས་ནས་ཁོ་ཚོའི་སྲོལ་རྒྱུན་གྱི་འཚོ་བའི་སྤྱོད་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་གཏོར་བརླག་ཚབས་ཆེན་གཏོང་བཞིན་ཡོད་པ་མ་ཟད། ༧ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་དང་ནང་པའི་དགེ་འདུན་པ་ཚོར་དྲག་གནོན་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག ཤུལ་བཞག་དངོས་རྫས་སོགས་ལ་སྲུང་སྐྱོབ་དང་འཕེལ་རྒྱས་སུ་གཏོང་བར་དོ་ཁུར་བྱེད་དགོས་པའི་སྐུལ་མ་གནང་ཡོད་ལ། ལྷ་ས་དང་བོད་རིགས་འདུས་སྡོད་བྱས་ཡོད་པའི་ཞིང་ཆེན་ཁག་གི་ནང་དུ་བོད་མི་ཚོས་ལས་འགུལ་སྤེལ་བར་བཀག་སྡོམ་དང༌། ལྷག་པར་དུ་དགོན་པ་ཁག་ཏུ་གྲྭ་བ་དང་བཙུན་མ་ཚོས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་དང་རྟོག་ཞིབ་ཤུགས་ཆེར་བྱེད་བཞིན་ཡོད་པར་བརྟེན། གྲྭ་བཙུན་མང་པོ་སོ་སོའི་དགོན་པ་དང་ཁ་བྲལ་ནས་ཡུལ་གཞན་དུ་འགྲོ་རྒྱུའང་ཧ་ཅང་ཁག་པོ་ཡོད་ལ། ཡུལ་ཤུལ་ས་ཡོམ་བྱུང་བའི་རྗེས་སུ། ཉེ་མཁྲིས་ཀྱི་ཞིང་ཆེན་དང་རྫོང་ནས་ཡོང་བའི་གྲྭ་བཙུན་ཚོ་དགོན་པ་ལས་གནས་དབྱུང་བཏང་ཡོད་པའི་གནས་ཚུལ་སོགས་བཀོད་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སམས་རགས།