ཨ་རི་བས་དགའ་མོས་བྱེད་སའི་དབུ་ཁྲིད་བཅུ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༢༨ཉིན། ཉེ་ཆར་ཨ་རི་ནས་ཕྱི་ཚེས་ ༡༠ ནས་ ༡༢ བར་གྱི་ཉིན་གྲངས་གསུམ་རིང་ལ་(USA Today) དང་ (The Gallup Organisation) ཞེས་པའི་གསར་འགྱུར་བརྒྱུད་ལམ་གཉིས་མཉམ་རུབ་ཀྱིས་འདི་ལོར་ཨ་ རི་བ་ཚོས་ཆེས་དགའ་མོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་གྲགས་ཅན་བཅུའི་མཚན་གཞུང་གསལ་བསྒྲགས་བྱས་འདུག
ཐེངས་འདིའི་ཉིན་གྲངས་གསུམ་རིང་ལ་ཨ་རིའི་ནང་གནས་སྡོད་བྱས་ཡོད་པའི་ལོ་ན་ ༡༨ ཡན་གྱི་རྒན་གཞོན་ཁྱོན་༡༠༡༩་ལྷག་ལ་ཁ་པར་བརྒྱུད་ནས་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་མ་ཟད། ལས་འགུལ་འདིའི་མཇུག་འབྲས་གསར་བསྒྲགས་བྱས་པ་ལྟར་ན། མི་མང་གིས་ཆེས་དགའ་མོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་སྐྱེས་པ་ཨང་དང་པོ་ནི་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིན་ལ། ཨང་བཅུ་པ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡིན་པ་དང། ཡང་མི་མང་གིས་ཆེས་དགའ་མོས་བྱེད་སའི་འཛམ་གླིང་གི་དབུ་ཁྲིད་སྐྱེས་མ་ཨང་དང་པོ་ནི་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགོ་གཙོ་ལྕམ་ཧེ་ལི་རེའི་ཁུ་ལུན་ཏུན་ཡིན་པའི་གསར་བསྒྲགས་བསྐྱངས་ཡོད་འདུག
གྷི་ལོབ་སྤྱི་ཚོགས་ཞབས་ཞུ་ཁང་ནི་གཙོ་བོ་ཡུལ་ཕྱོགས་འདྲ་མིན་ན་ཡོད་པའི་མི་མང་གི་བསམ་བློའི་འཁྱེར་སོ་དང་འཆར་སྣང་སོགས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་མ་ཟད། སྤྱི་ཚོགས་ཡར་སྐུལ་གྱི་ཞབས་ཞུ་སྣ་མང་སྒྲུབ་བཞིན་ཡོད་པའི་སྤྱི་ཚོགས་པ་ཆེན་པོ་ཞིག་རེད། སྤྱི་ཚོགས་ཞབས་ཞུ་ཁང་འདིས་རྒྱལ་ཁབ་ཁག་༢༧ལྷག་གི་ནང་དུ་ཡན་ལག་ཁང་༤༠ཙམ་བཙུགས་ཡོད་པ་དང༌།
ཞབས་ཞུ་ཁང་འདི་གྷི་ལོབ་མང་འདོད་ལྟ་ཞིབ་ཁང་དང་གྷི་ལོབ་འདྲི་རྟོག་ཁང། གྷི་ལོབ་སློབ་གྲྭ་ཆེན་མོ། གྷི་ལོབ་པར་སྐྲུན་ཁང་བཅས་ཁག་བཞི་རུ་དབྱེ་འདུག ད་ལྟ་སྤྱི་ཚོགས་ཞབས་ཞུ་ཁང་འདིའི་གཙོ་གཉེར་བ་ནི་ཇེམ་ཁུ་ལེ་ཧྥུ་ཏུན་ལགས་ཡིན་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སམས་རགས།