སླར་ཡང་ཁྱིམ་ཚང་གཉིས་ཀྱིས་བོད་དོན་ཞུ་གཏུག་ལས་འགུལ་འགོ་འཛུགས།

ཕྱི་ལོ་༢༠༡༤ལོའི་ཟླ་༡  ཚེས་ ༡ ཉིན་སུད་སི་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིོམ་ཚང་གཉིས་ཀྱིས་འདས་པའི་ལོ་ངོ་གཅིག་རིང་ལས་འགུལ་སྤེལ་ཟིན་པ་ལྟར། སླར་ཡང་ཕྱི་ལོ་༢༠༡༤ ལོའི་གནམ་ལོ་གསར་ཚེས་ཉིན་དང་སྟབས་བསྟུན། ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་མུ་མཐུད་དབུ་འཛུགས་གནང་ཡོད་འདུག

ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་ཞིག་དབྱིན་ཡིག་ཐོག་སྤེལ་བའི་ནང་གསལ་དོན། ངེད་ཁྱིམ་ཚང་གཉིས་ཀྱིས་ད་ལོའི་ཟླ་༡ ཚེས་༡ ཉིན་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་གཙོས་པའི་འཛམ་གླིང་ཚོགས་སྡེ་ཁག་ལ། བོད་ནང་དུ་ད་ལྟའི་བར་མི་གྲངས་༡༢༥ ཙམ་གྱིས་རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་བྱུས་ལ་ཞི་རྒོལ་ཆེད་སྐུ་ལུས་མེར་སྲེག་གནང་བ་དང་། བོད་ཀྱི་ད་ལྟའི་གནས་བབ་ཤིན་ཏུ་ཛ་དྲག་ཡིན་པའི་གནས་སྟངས་ལ་གཟིགས་ཞིབ་དང་བོད་པར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ཆེད། སྔར་ལོ་ཧྲིལ་བོར་ངེད་ཁྱིམ་ཚང་གཉིས་ཀྱིས་ཟླ་རེར་ཐེངས་གཉིས་རེ་མཉམ་འབྲེལ་རྒྱལ་ཚོགས་མདུན་དང་འགྲོ་བ་མིའི་ཐོབ་ཐང་མདུན་བཅས་སུ་བོད་དོན་ཞུ་གཏུགས་ལས་འགུལ་ཐེངས་དང་༢༧ ཙམ་སྤེལ་ཟིན་པ་དང་། ད་ལོ་སླར་ཡང་ངེད་ཁྱིམ་ཚང་གཉིས་ཀྱིས་མུ་མཐུད་ཟླ་རེར་ཐེངས་གཅིག་རེ་སྤེལ་རྒྱུ་ཡིན། ཅེས་དང་། བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱི་རླབས་ཆེན་བློས་གཏོང་ལ་བསམ་བློ་བཏང་སྟེ། ང་ཚོ་རང་དབང་ལུང་བར་གནས་བའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་རང་དབང་གི་ཁོར་ཡུག་བེད་སྤྱད་དེ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་གཙོས་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། གཞིས་ལུས་བོད་མི་ས་ཡ་དྲུག་གི་འབོད་སྒྲ་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་སྐྱེལ་རྒྱུ་ང་ཚོའི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན་སྟབས་། ང་ཚོས་ངེས་པར་སོ་སོའི་འཇོན་ནུས་གང་ཡོད་ཕྱིར་འདོན་གནང་ཐུབ་དགོས། ཞེས་སོགས་བཀོད་འདུག

ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་གོང་བརྗོད་ཁྱིམ་ཚང་གཉིས་ཀྱིས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 7 སྡོམས་རོགས།