སྲིད་སྐྱོང་ཟུར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བཀའ་དྲིན་ཆེ་ཞུ།

ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་༧གོང་ས་མཆོག་གིས་སྲིད་སྐྱོང་གི་དམ་འབུལ་སྐབས། “རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་བརྗོད་པའི་འདོད་དོན་གཅིག་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང།” བཀའ་ཕེབས་པ་དང་། སྲིད་སྐྱོང་གི་དམ་འབུལ་གསུང་བཤད་ནང་། “ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་ཡོང་བར་འབད་བརྩོན་ཞུ་རྒྱུ་ཡིན་” ཞེས་ཁས་ལེན་གནང་པ་བཞིན་འབད་བརྩོན་ཡང་འགྱོད་པ་མེད་པ་གནང་ནས། རྒྱ་གར་གཞུང་གི་ཤེས་རིག་ལྷན་ཁང་གཤམ་འོག་གི་བོད་སློབ་འཛིན་སྐྱོང་ལས་ཁུངས་ནས་སློབ་གྲྭ་ཁག་ཚུར་རྩིས་ལེན་བྱས་པ་སོགས་ཀྱིས་མཚོན། ཤེས་ཡོན་གྱི་ཐོག་ལ་འདས་པའི་ལོ་བཅུའི་རིང་གྲུབ་འབྲས་འབུར་ཐོན་གནང་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱིས་བོད་མི་ཚོར་ཆེད་དུ་དམིགས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་གཏན་འབེབས་དང་། ཕུགས་རྒྱང་རིང་བའི་གཟིགས་སྐྱོང་གི་འོག་ནས་བོད་ནས་ཉེ་དུས་འབྱོར་བའི་བོད་མི་ཚོར་གཞིས་ཁང་གསར་རྒྱག་ལེགས་གྲུབ། ཨ་རིའི་གཞུང་གི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་གྲོས་ཆོད་ཙམ་མིན་པ། ཕྱི་ལོ་ ༢༠༢༠ ལོར་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་ཀྱིས། བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་མང་གཙོའི་ལམ་ལུགས་དར་སྤེལ། མི་རབས་གསར་པའི་འགོ་ཁྲིད་སྐྱེད་སྲིང་ལ་སྔོན་དུས་དང་མི་འདྲ་བ་དམིགས་བསལ་ཐུགས་སྣང་དང་། བོད་མི་ཚོར་རོགས་དངུལ་གནང་བའི་ལམ་བུ་གསར་བཏོད། སྔོན་དུས་བྱུང་མེད་པ་མཁས་དབང་བློ་བཟང་སེང་གེ་མཆོག བོད་པའི་ཆབ་སྲིད་ཀྱི་འགན་ཁུར་གནང་བཞིན་པའི་སྐབས་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་སྣེ་ལེན་སོགས་ཞུས་ཡོད།

ད་དུང་བོད་མི་ཚོའི་མ་འོངས་མདུན་ལམ་དང་ཁ་ཐུག་འབྲེལ་ཆགས་ཤིང་། ཆོས་སྲིད་གཉིས་ཀའི་ཐོག་ནས་གནད་དོན་གལ་ཆེ་བ་ཞིག་ནི། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད། བོད་ཀྱི་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པ་དང་བོད་མི་མང་། ཨ་རིའི་སྲིད་གཞུང་དང་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་བཅས་ཀྱིས། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་ཡང་སྤྲུལ་ངོས་འཛིན་ཞུ་ཕྱོགས་ཐད་དངོས་ཡོད་དང་འགལ་ཟླ་བྱས་པའི་འཆར་འགོད་ལ། ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོབ་ཐང་བཅས་ཕྱོགས་གང་ཐད་ནས་གདོང་ལེན་དང་། འབྱུང་འགྱུར་སྐུའི་ཡང་སྲིད་ཕེབས་ཕྱོགས་ཀྱི་གནད་དོན་ཐོག་ལངས་ཕྱོགས་གསལ་འདོན་གནང་། ཡུ་རོབ་མཉམ་འབྲེལ་དང་ཡུ་རོབ་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གཙོས། སྔོན་དུས་དམར་པོའི་སྲིད་གཞུང་འོག་ཏུ་ཆོས་དང་དཔལ་འབྱོར། ཆབ་སྲིད། མི་རིགས་བཅས་རྩ་གཏོར་སོང་བའི་ཉམས་མྱོང་ཅན་གྱི་རྒྱལ་ཁབ་ཁག་དང་། ནང་པའི་རྒྱལ་ཁབ་སྟོབས་ཆེན་ཉི་ཧོང་བཅས་ཀྱིས་གཞི་རྒྱ་ཆེ་བའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་སོགས་གནང་།

ལྔ་དང་ལྔ་བཅུའི་སྲིད་བྱུས་ཀྱི་ཁྱབ་ཁོངས་ནས་གངས་ཅན་སྐྱིད་གཤོངས་ཀྱི་ལྷན་ཁང་ཁག་ལེགས་བཅོས་དང་འཛུགས་སྐྲུན། སྲི་ཞུ་བ་ཚོའི་ལས་ཤག་དང་གསོལ་ཕོགས། ལས་ཁུངས་ཀྱི་མཐུན་རྐྱེན་སོགས་དེང་རབས་དང་མཐུན་པའི་ཡར་རྒྱས་གང་འཚམས་བཏང་པ་དང་། དེའི་ཐོག་རྒྱལ་ཁབ་འདྲ་མིན་ནང་འཚར་བཞིན་པའི་ན་གཞོན་ཚོར། བོད་མིའི་སྒྲིག་འཛུགས་ལ་རྒྱུས་མངའ་དང་མ་འོངས་སྲི་ཞུ་བསྒྲུབ་པར་སེམས་ཤུགས་སྐྱེད་ཆེད་དུ་དང་ཞབས་གསར་འཛུགས་བྱས་ཟིན། ཕྱོགས་གཞན་ཞིག་ནས་བོད་མི་ཚོ་ཉིན་རེ་བཞིན་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཁ་འཐོར་དུ་འགྲོ་བཞིན་ཡོད་རུང་། སྒྲིག་འཛུགས་ཀྱི་ནུས་པ་གོང་བུ་སྲ་བརྟན་ངང་གནས་ཆེད་དུ་དྲ་ལམ་འཛིན་སྐྱོང་གི་ལས་དོན་གསར་གཏོད་ཀྱིས། འབྱུང་འགྱུར་བོད་མི་རྣམས་ཤར་ནུབ་གང་དུ་གནས་ཀྱང་། ས་གནས་དེ་ནས་སྲི་ཞུ་བསྒྲུབ་པའི་ཆ་རྐྱེན་སྐྲུན་ཐབས་ཀྱི་གོམ་པ་དང་པོ་འགོ་འཛུགས། ཚོང་ལས་རྒྱུན་གནས་དང་ཕུགས་བརྟན་ཡོང་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། དངུལ་ཁང་གསར་འཛུགས། བུན་གཏོང་ལས་འཆར། གངས་ཅན་སྐྱིད་གཤོངས་ཀྱི་ལས་ཁུངས་ཡོངས་རྫོགས་ལེགས་བཅོས་དང་། སྲི་ཞུ་བ་ཚོར་ལས་ཤག་གསར་རྒྱག་གིས་མཚོན། མདོར་ན་མི་ལོ་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་བླ་ན་མེད་པ་བཏང་བར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།།

༄༅༑༑ སྲིད་སྐྱོང་ཟུར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཚོགས་སྐྱིད་ཁག་གིས་མི་མང་གི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞུའི་གཟེངས་རྟགས་ཕོན་ཆེན་ཕུལ་པ།
ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༢༧ ཉིན་ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་དྲ་རྒྱ་བརྒྱུད། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་གཅིག ཉི་ཧོང་གི་སྲིད་བློན་ཟུར་པ་སྐུ་ཞབས་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་དང་བདེ་སྲུང་བློན་ཆེན་གཞོན་པ་ན་ཀ་ཡ་མ་ (Yasuhide Nakayama) མཆོག་བཅས་ཉི་ཧོང་གི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་དུ་ལྷན་འཛོམས་ཀྱིས། སྐབས་དེར་འཕོས་ལ་ཉེ་བའི་དཔལ་ལྡན་སྲིད་སྐྱོང་མཆོག་ལ། ལོ་བཅུའི་ལས་དོན་ཧ་ཅང་ལེགས་པོར་གནང་བར་དགའ་བསུའི་འཚམས་འདྲི་གནང་ཡོད། དེ་ཡང་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་སྲིད་བློན་ཟུར་པ་མཆོག་གིས་བཀའ་སློབ་གནང་པ་དེ་ནི། བོད་དོན་སྤྱི་དང་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཧ་ཅང་གིས་མཐོང་ཆེན་གནང་བ་ཞིག་ཆགས་ཡོད།

ཟླ་ ༤ ཚེས་ ༢༤ ཉིན་བྱང་ཨ་རི་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། དེའི་སྔོན་དུ་ཝ་ཤིན་ཊོན་དུ་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པ། ད་དུང་རྒྱལ་སྤྱིའི་ཏྲེ་ཧོར་དང་སྦྲག་སོག་འབྲི་གསུམ་གྱི་སྐྱིད་སྡུག་ཁག་གིས་གཟེངས་རྟགས་ཕུལ་པ་དང་། ཟླ་ ༥ ཚེས་ ༢༡ ཉིན་བཙན་བྱོལ་ནང་དུ་བོད་དོན་འཐབ་རྩོད་ཐད་ལས་འགུལ་སྤེལ་མཁན་གཞུང་འབྲེལ་མིན་པའི་ཚོགས་ཆེ་ཁག་བཞི་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དབུས་པའི་བཀའ་ཤག་སྐབས་༡༥ པའི་བཀའ་བློན་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་ཡོད། དེ་ཡང་ཁོང་རྣམས་ཀྱིས་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས། ཕྱི་ལོ་༢༠༡༡ ནས་ ༢༠༢༡ བར་བོད་ཀྱི་སྲིད་སྐྱོང་གིས་འགན་འཁུར་བཞེས་པའི་ལས་ཡུན་རིང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་རླབས་ཆེའི་མཛད་དོན་མཐའ་དག་ལ་འབད་བརྩོན་ལྷོད་མེད་གནང་བར་ཡི་རང་བསྔགས་བརྗོད་ཡོད་ཅེས་སོགས་ཞུས་ཡོད།

ཟླ་ ༦ ཚེས་ ༢༠ ཉིན་ཨ་རིའི་བྷོ་སི་ཊོན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཟླ་ ༧ ཚེས་ ༦ ཉིན་སྐུའི་འཁྲུངས་ལྷ་དབྱར་གསོལ་དང་ཨ་རི་ཀེ་ན་ཀྲི་ཀ་ཀྲིའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས། བྱང་ཨ་རིའི་ས་ཁུལ་འདྲ་མིན་ནང་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཚོགས་སྐྱིད་ཁག་གིས་གཟེངས་རྟགས་འབུལ་ཡོད་པ་དེ་དག་གི་དགོས་དོན་གཙོ་བོ་ནི། སྲིད་སྐྱོང་ཟུར་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཞུས་ནས། མི་ལོ་བཅུའི་རིང་༧གོང་ས་མཆོག་གི་དགོངས་གཞི་ལྟར། རྒྱལ་སྤྱི་དང་བོད་ཕྱི་ནང་གི་གནས་བབ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་དཔལ་རིག་གསུམ་ཡར་རྒྱས་ཕུན་སུམ་ཚོགས་པར་བཏང་བར་བཀའ་དྲིན་ཆེ་ཞུའི་གཟེངས་རྟགས་ཡིན་ཞེས་བརྗོད་བཞིན་ཡོད།

ཕྱི་ལོ་༢༠༢༡ ལོའི་ཟླ་ ༨ པའི་ཚེས་ ༨ གཟའ་སྐར་དགེ་བའི་ཉིན་མོར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་བཀའ་དྲིན་ཆེ། ཐུགས་རྗེ་ཆེ་ཞེས་པའི་མཛད་སྒོ་ཟབ་རྒྱས་ཞིག་གོ་སྒྲིག་ཆེ་བསྟོད་གཟེངས་རྟགས། དེ་བཞིན་འོག་མདོ་ཁམས་ཆུ་བཞི་སྒང་དྲུག། རྫ་ཆུ་ཁ་པ། ལི་ཐང་དང་བྲག་གཡབ་སྐྱིད་སྡུག་ནས་གཟེངས་རྟགས་ཕུལ་ཡོད་པ་རེད།

ཟླ་ ༨ ཚེས་ ༩ ཉིན་སྦེལ་ལྗམ་བོད་རིགས་ཚོགས་པས་གདན་ཞུ་ཐོག་གསེར་གྱི་གཟེངས་རྟགས་ཕུལ་འདུག། དེ་བཞིན་ས་གནས་གཞོན་ནུ་དང་ཆུ་བཞི་སྒང་དྲུག། ཏྲེ་ཧོར་སྐྱིད་སྡུག་ ལི་ཐང་སྐྱིད་སྡུག་བཅས་ཀྱིས་དངུལ་གྱི་གཟེངས་རྟགས་ཕུལ་འདུག། བོད་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་ཆེད་དབྱར་རྩ་དགུན་འབུ་ཡང་བསྐུར་འདུག་ཟེར་གྱི་འདུག།།

གསར་འགོད་པ་ཝ་དཀར་ཚེ་རིང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།