སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་གཉིས་པ་ས་གནས་སྦརན་ནང་སྤེལ།

༢༠༡༧ ལོའི་ཟླ་༩ ཚེས་༡༨ ཉིན་སུད་སི་ས་གནས་སྦརན་ནང་སྦ་ལོན་བཀྲ་ཤིས་ཀྱི་བོད་དོན་ལས་འགུལ་ཉིན་གཉིས་པ་སྤེལ་ཡོད་འདུག་ལ། ལས་འགུལ་སྐབས་ས་གནས་བོད་རིགས་མི་མང་གིས་ལས་འགུལ་དེར་རྒྱབ་སྐྱོར་དང་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་ཁྱབ་བསྒྲགས་གནང་ཡོད་འདུག

གོང་ཚེས་ཉིན་ས་གནས་སྦརན་ནང་དབྱིན་ལན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་སྦ་ལོན་བཀྲ་ཤིས་ལགས་ཀྱིས་བོད་དོན་ཁྱབ་བསྒྲགས་ཆེད་བོད་ཀྱི་རྒྱལ་དར་གྱིས་བཟོས་པའི་ལྒང་ཕུག་ཆེན་པོ་ཞིག་གཏམ་ལ་བཏང་སྟེ་བོད་ཀྱི་གནད་དོན་སྤྱི་དང་། སྒོས་སུ་རྒྱ་ནག་དང་བོད་བར་བར་གྱི་ཆབ་སྲིད་དཀའ་ངལ་ཁག་འཛམ་གླིང་ལ་ཁྱབ་བསྒྲགས་བྱེད་པའི་ལས་འགུལ་དམིགས་བསལ་བ་ཞིག་སྤེལ་བཞིན་པ་ལྟར། ལས་འགུལ་འདིར་སུད་སི་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང་། ས་གནས་སྦརན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་བོད་རིགས་མི་མང་མང་པོ་མཉམ་ཞུགས་གནང་སྟེ་ལས་འགུལ་སྤེལ་ཡོད་འདུག སུད་སི་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་དང་ས་གནས་འཐུས་ཚོགས་ཀྱི་བཀའ་ཁྱབ་ལྟར། ཕྱི་རྒྱལ་བ་ཚོར་བོད་དོན་འགྲེལ་བརྗོད་དང་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་འདིའི་ཆེད་ས་གནས་སྦརན་ཚོགས་ཆུང་གི་མི་མང་རྣམས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གནང་བ་དང་། ས་གནས་མི་མང་མང་པོ་མཉམ་ཞུགས་གནང་ཡོད་འདུག གནམ་གཤིས་ཧ་ཅང་སྡུག་པའི་རྐྱེན་ཀྱིས་ལས་འགུལ་འདོད་བློ་ཁེངས་པ་ཞིག་བྱུང་ཐུབ་མེད་པ་དང་། ཉིན་པོའི་ལས་འགུལ་སྐབས་ཀྱང་དེ་བཞིན་གནམ་གཤིས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ལས་འགུལ་རིགས་ཁ་ཤས་འཚམ་འཇོག་ཞུ་དགོས་ཐུག་པ་དང་། འཆར་ཅན་ལྟར་ཚེས་༡༩ ཉིན་ས་གནས་སོ་ལོ་ཐོན་ནང་ཉིན་གསུམ་པའི་ལས་འགུལ་སྤེལ་རྒྱུར་གཏན་ཁེལ་ཡོད་ཀྱང་། གནམ་གཤིས་ཀྱིས་རྐྱེན་པས་སོ་ལོ་ཐོན་ནང་གི་ལས་འགུལ་མཚམས་བཞག་སྟེ། ༢༠ ཉིན་ས་གནས་ཨར་རྒོའོ་ནས་དབུ་འཛུགས་ཀྱིས་མུ་མཐུད་ལས་འགུལ་སྤེལ་འཆར་རེད་འདུག

སྦ་ལོན་བཀྲ་ཤིས་ལགས་ཀྱི་ལས་འགུལ་འདི་ནི་སུད་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་གནང་བ་ཞིག་དང་།  སུད་བོད་མཛའ་འབྲེལ་ཚོགས་པས་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་འཐུས་ཚོགས་ལ་འབྲེལ་བ་ཞུས་དོན་ལྟར། ས་གནས་འཐུས་ཚོགས་ཀྱིས་རྒྱབ་སྐྱོར་མཐའ་ནན་ཞུས་ཐོག་ས་གནས་ཁག་ལ་བཀའ་ཁྱབ་བཏང་སྟེ་གོ་སྒྲིག་གནང་བཞིན་པ་ཞིག་ཡིན་འདུག ལས་འགུལ་འདི་ཉིད་ས་གནས་སྦ་སལ་ནས་དབུ་འཛུགས་ཀྱིས་མུ་མཐུད་ས་གནས་སྦརན་དང་། སོ་ལོ་ཐོན། ཨར་རྒོའོ་སོགས་ས་གནས་ཁག་ལ་སྐོར་བསྐྱོད་ཀྱིས་ལས་འགུལ་སྤེལ་འཆར་ཡོད་འདུག

 

གསར་འགོད་པ། ཙ་ཡུས་ཕུན་ཚོགས། པར་བ་བཀྲ་ཤིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།