སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༧ ཉིན་སུད་སི་གྲོང་ཁྱེར་སྦ་སལ་གི་སེནཊ་ཡ་ཀོབ་ཚོགས་ཁང་ནང་ཉིན་དང་པོའི་ཆོས་འབྲེལ་གནང་བ།

ཕྱི་ཟླ་ ༢ ཚེས་ ༧ ཉིན་སྔ་དྲོའི་ཚོུད་ ༠༩།༣༠ ཐོག་བཞུགས་གནས་མགྲོན་ཁང་ནས་ཚོགས་ཁང་དུ་ཆིབས་བསྒྱུར་བཀའ་འདྲིན་བསྐྱངས་སྐབས་བཞུགས་གནས་མགྲོན་ཁང་མདུན་ཐང་དུ་བོད་མི་༡༠༠ ལྷག་འདུ་འཛོམས་ཀྱིས་བསྟོད་གཞས་དང་ཞབས་བྲོའི་མཆོད་པ་འབུལ་བའི་ངང་ཕེབས་བསུ་ལེགས་རྒྱས་ཞུ་བ་དང་སྦྲགས་སེནཊ་ཡ་ཀོབ་ཚོགས་ཁང་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་། ཚོུད་༠༩།༥༠ཙམ་ལ་ཚོགས་ཁང་གི་མདུན་ཐང་དུ་བོད་རིགས་མི་མང་ནས་རྟེན་འབྲེལ་གྲོ་གསོ་ཕྱེ་མར་དང་ཆང་ཕུད།བཀྲིས་ཞོལ་པ།རྒྱལ་གཞས་ལ་སོགས་པའི་གླུ་གར་གྱི་མཆོད་པ་འབུལ་བཞིན་བོད་རིགས་མི་མང་གི་ཚོགས་གཙོ་སྦྲེལ་པོའི་འཚམས་ཞུའི་མཇལ་དར་ཕུལ་བ་དང་བཅས་གསུང་ཆོས་རྭ་བའི་ནང་ཆིབས་བསྒྱུར་གནང་།དེ་ནས་མུ་མཐུད་ཆོས་ཞུ་བ་མི་གྲངས་༨༠༠༠རྒྱལ་བར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་དགེ་ཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་བཀའ་འདྲིན་བསྩལ་གནང་།དེ་བཞིན་ཕྱི་དྲོའི་ཚོུད་༡༦།༣༠ཙམ་ལ་རྒན་བགྲེས་དང་ནད་གཅོང་རིགས་ལ་དམིགས་གསལ་གྱི་ཚོགས་ཁང་ཆུང་བ་ཞིག་ནང་བཀའ་སློབ་དང་ཞལ་མཇལ་བཀའ་འདྲིན་བསྐྱངས་གནང།བཀའ་སློབ་ཀྱི་ནང་དོན་གཙོ་བོ་ནི་ཁ་འདོན་དགེ་ཆོས་དང་འཕྲོད་བསྟེན་ཐད་དོ་སྣང་བྱེད་དགོས་སྐོར་བཀའ་སློབ་བསྩལ།དེ་བཞིན་སྔ་དྲོ་མགྲོན་ཁང་ནང་གསར་འགོད་གསལ་བསྒྲགས་ཀྱི་ཚོགས་ཆེན་ཞིག་དང་།སྦ་སལ་མངའ་སྡེའི་དཔོན་རིགས་ཁག་དང་ལྷན་དུ་ཉིན་དགུང་གསོལ་ཚིགས་གནང་བ་ལ་སོགས་པའི་ཆོས་འབྲེལ་ཀྱི་ཉིན་དང་པོ་འདི་བཞིན་བོད་མི་རྣམས་ཀྱི་སྔོན་བསོགས་བསོད་ནམས་ལ་རྟེན་བསམ་ཡུལ་ལས་འདས་པའི་བསྐལ་བཟང་གི་ཉིན་མོ་འདིར་ཆོས་ཞུ་བ་རྣམས་ཡིད་ཚིམས་པའི་ངང་འཇུག་སྒྲིལ་གནང། བསྟན་འཛིན་སྙིང་པོའི།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།