སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རི་ཀོན་ཆོས་འཁོར་དགོན་དུ་སྲུང་གཙི་གནངས་སོང་།

༄༅།། རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་རི་ཀོན་ཆོས་འཁོར་དགོན་དུ་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༦ ཉིན་སྲུང་བརྩི་གནང་སོང་།

དེ་ཡང་སུད་སིའི་གཞུང་གི་ད་ལྟའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་མི་མང་ལྷན་འཛོམས་སྐབས་འཕྲོད་བསྟེན་གྱི་ལམ་སྟོན་གྱི་སྒྲིག་ཁྲིམས་བཞིན། རི་ཀོན་མཆོད་འཁོར་དགོན་གྱི་འདུ་ཁང་ནང་མི་གྲངས་ ༣༦ ལྷག་ལྷན་འཛོམས་གནང་བ་དང་། དགོན་པའི་ཕྱི་རུ་ཡང་མི་མང་༤༠ལྷག་ཙམ་ཞིག་ལྷན་འཛོམས་གནང་བའི་ཐོག་ད་ལོའི་སྐུའི་འཁྲུངས་སྐར་རི་ཀོན་མཆོད་འཁོར་དགོན་དུ་མཁན་རིན་པོ་མཆོག་དང་དགེ་འདུན་པ་རྣམ་པས་དབུ་བཞུགས་ཐོག་གདན་ཞུ་ཕུལ་བའི་མཛད་གཙོ་རྣམ་པས་ཞོགས་པའི་ཆུ་ཚོད་༠༩།༤༥ཙམ་ཞིག་ནས་སྲུང་བརྩི་དབུ་འཛུགས་གནང་སོང་།

དབུ་འཛུགས་ཀྱི་ཐོག་མ་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་མཆོག་ནས་མཛད་སྒོའི་ངོ་སྤྲོད་ཀྱི་གསུང་བཤད་གནང་རྒྱུར་༧སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ནལ་ངས་སུད་སི་དང་ལིག་ཏེན་སི་ཏན་བོད་རིགས་མི་མང་གི་ཚབ་བྱས་ནས་རྒྱ་ཆེའི་གཞིས་བྱེས་བོད་མི་ཡོངས་ལ་མཛའ་བརྩེའི་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ནས་མུ་མཐུད་དུ་གསུངས་དོན།
བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་ལོ་ངོ་བཅུ་ཕྲག་བདུན་ལ་འགྲོ་བཞིན་པ་དང་། ལྷག་པར་དུ་སུད་སི་ནང་བོད་མི་བཙན་བྱོལ་པ་ཐོག་མར་༡༩༦༠ལོ་དང་དེ་ནས་༡༩༦༣་ལོར་རྒྱ་ཌམ་དམར་པོའི་རོགས་སྐྱོར་འོག་བོད་མི་༡༠༠༠ལྷག་བསུས་ནས་ད་ཆ་ལོ་ངོ་དྲུག་ཅུ་ཙམ་འགྲོ་ལ་ཉེ་བའི་དུས་ཚོད་འདིའི་ནང་སུད་སུ་གཞུང་མང་གཉིས་ནས་བོད་མིར་རོགས་མགོན་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་དུ་བརྗེད་མེད་ཐོག་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ།
ཕྱི་ལོ༢༠༢༠ཟླ་༧་ཚེས་འགོ་ནས་ཕྱི་ལོ་༢༠༢༡ཟླ་༦་ཚེས་༣༠བར་ནི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཡིན་པས་རྒྱལ་བའི་བཀའ་དྲིན་རྒྱ་མཚོའི་ཆུ་ཐིགས་ཙམ་གསབ་པར་མི་ནུས་མོད་དད་དམ་གཙང་མའི་བཀའ་དྲིན་རྗེས་དྲན་ཞུ་སླད་དུ། ༧སྐུའི་རྟེན་དུ་གསེར་ཟངས་ལས་བཞེངས་པའི་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་བརྙན་མཐོང་གྲོལ་བྱིན་ཅན་དང་། གསུང་ནདང་ཐུགས་ཀྱི་རྟེན་དུ་སུད་སུ་དད་ལྡན་མི་མང་རྣམྶས་ཀྱིས་མགོན་པོ་གང་གི་རྒྱལ་བའི་མཚན་སྔགས་གྲངས་༦༥༨༡༡༣གསོགས་སྒྲུབ་གནང་ཡོད་པའི་གསལ་བསྒྲགས་སྔོན་དུ་བཏང་ནས་བཀྲིས་ལྷ་དར་དཀར་པོ་ཡུག་ཅིག་དང་ཧིན་སྒོར་ ༡༡༡༡༡༣ བཅས་དེ་རིང་སྐུའི་འཁྲུངས་སྐར་ཉིན་མགོན་པོ་གང་ཉིད་ལ་འབུལ་རྒྱུ་བྱུང་ཡོད་བ་ནི་འགྲོ་བ་ཡོངས་ཀྱི་བསོད་ནམ་བསགས་པའི་རྒྱུ་རུ་གྱུར་ཡོད་སོགས་གསུངས་སོང་།

མཐའ་མར་ཚོགས་གཙོ་ལགས་ནས་གསུངས་དོན། རྒྱལ་བ་རྒྱས་པའི་མཆོད་སྤྲིན་ནི་མཆོད་པའི་ནང་ནས་ཕུལ་དུ་བྱུང་བའི་མཆོད་པ་ཡིན་ཙང་རྒྱལ་བའི་བཀའ་གསུངས་ཇི་བསྒྲུབ་གནང་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་གནང་སོང་།


དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་ནས་དཔལ་ལྡན་སྲིད་སྐྱོང་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་གསུངས་འཕྲིན་ནང་གལ་ཆེ་བ་ཁག་ཅིག་ཟུར་འདོན་བྱས་ནས་གསལ་འདོན་བྱས་དོན།

སྲིད་སྐྱོང་མཆོག་གི་གསུངས་འཕྲིན་ནང་༼ད་ཆ་ལས་ངན་སྨོན་ལམ་ལོག་པ་རེ་ཟུང་གིས་ྋགོང་ས་ྋསྐྱབས་གོན་ཆེན་པོ་མཆོག་ལ་དྲིན་ལན་ལོག་འཇལ་གྱིས་གཞི་མེད་སྒྲོ་སྐུར་མངོན་སུམ་འཛེམས་མེད་དུ་ཡོང་བཞིན་པ་འདི་དག་ནི། དེ་སྔོན་ཡང་དང་ནན་གྱིས་བརྗོད་ཟིན་པ་ལྟར་ཡན་པོར་མི་གཏོང་བར་མ་ཟད། མཐའ་གཅིག་ཏུ་གདོང་ལེན་བྱ་རྒྱུ་དང་། གཞུང་བསྟེན་དགྲ་ལྷའི་གཙོ་བོ་སྲུང་མ་དམར་ནག་གཉིས་ཀྱིས་གཙོོས་པའི་དཀར་ཕྱོགས་སྐྱོང་བའི་སྲུང་མ་མཐུ་རྩལ་ཅན་རྣམས་ཀྱིས་ཀྱང་ལས་ངན་འདི་དག་གི་བསམ་ངན་སྦྱོར་རྩུབ་མི་མངོན་དབྱིངས་སུ་ཉེ་བར་ཞི་བའི་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་འཕྲིན་བསྐུལ་ཡང་གདུང་ཤུགས་དྲག་པོས་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་དུས་རབས་ཀྱི་སློབ་སྟོན་པ་རླབས་ཆེན་ཞིག་དང་། བོད་རྒྱ་མི་རིགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་ཐུབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། རྒྱ་གཞུང་ནས་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྡུས་ཚེ་བོད་དོན་ཞི་ཡལ་དུ་འགྲོ་བར་ཚོད་དཔག་བྱེད་མཁན་དེའི་གྲས་ཀྱི་ལོག་བཤད་ལ་མ་རྨོངས་པར། ༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཅིག་ཡིན་པའི་དངོས་དོན་ངོ་མ་ངོས་འཛིན་ཞུས་ཏེ། བོད་རྒྱ་མི་རིགས་གཉིས་བསྐལ་བའི་བར་དུ་ཞི་བདེ་མཛའ་མཐུན་ངང་མཉམ་གནས་མཉམ་འཚོ་ཐུབ་པའི་ལོ་རྒྱུས་ཀྱི་གོ་སྐབས་ཆུད་ཟོས་སུ་མ་བཏང་བར། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་འོག སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་རྒྱ་ནག་དང་བོད་ནང་གཟིགས་སྐོར་དུ་༸ཞབས་སོར་འཁོད་ཐབས་བསམ་ཞིབ་གང་མགྱོགས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ རིང་སྐུ་ངལ་ཚད་མེད་བསྐྱོན་ནས་མང་གཙོའི་གོམ་སྟབས་བཞི་ལ་བརྟེན་ནས་གསར་འཛུགས་དང་འཐུས་ཚང་བཟོས་པའི་སྒྲིག་འཛུགས་འདི་ནི། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་སྒྲིག་འཛུགས་ཤིག་ཡིན་ལ། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གིས་སྒྲིག་འཛུགས་འདི་ཁ་ལོ་སྒྱུར་དགོས་པ་དང་།

སྒྲིག་འཛུགས་འདིའི་བསྒྲུབ་བྱ་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་ཁེ་ཕན་ཡིན་པས། སྒྲིག་འཛུགས་འདི་ཚགས་ཚུད་ཡར་རྒྱས་ཡོང་བ་ལ། གང་ཟག་གིས་དབང་བསྒྱུར་མ་ཡིན་པར། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་ཤིང་། ཁྲིམས་ཀྱི་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་གྱི་དམ་བཅའ་དང་པོ་དེ་ཡིན་ཞེས་གསལ་བསྒྲགས་རིམ་པར་ཞུས་ཟིན་པ་ཡིན་སྟབས། རྩ་དོན་འདི་དང་འགལ་བའི་ཆ་གང་ལའང་གོམ་བཤོལ་དང་། བསྟུན་འགྲིག་གི་ལམ་ཁ་བཙལ་ན་མང་གཙོའི་གཞི་རིམ་ལྟ་གྲུབ་དང་འགལ་བ་མ་ཟད། མིང་དོན་མཚུངས་པའི་མང་གཙོ་ཡོང་ཐབས་མེད།

ང་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལྟ་གྲུབ་ཀྱི་ཐོག་ནས་རྩེ་མཐུན་མ་བྱུང་བའི་དཀའ་རྙོག་འཕྲད་སྐབས། མ་མཐུན་པའི་ཕྱོགས་སོ་སོ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་འདུམ་འགྲིག་གི་ཐབས་ཤེས་བསྟེན་དགོས་པ་ལས། ཐབས་ཤེས་འདི་དོར་ཚེ་སྤྱི་སྙོམས་དྲང་བདེན་ཡོང་ས་མེད་ལ། ཁྲིམས་ཀྱིས་དབང་བསྒྱུར་ཡང་ཡོང་ས་མེད། རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་མང་གཙོའི་སྲོག་ཤིང་ཡིན་པས། སྲོག་ཤིང་དོར་བའི་མང་གཙོ་ནི་སྤྱི་ཚོགས་ཤིག་ནང་འཚོ་གནས་ཐུབ་པའི་གཞི་རྟེན་མེད་པས། ཚང་མས་དེ་དོན་དགོངས་འཇགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ།

རྩ་དོན་འདིའི་འོག ང་ཚོ་ཚང་མས་ཁ་གཏད་ངོ་མ་ངོས་ཟིན་པའི་ཐོག་ནས་རང་གཞན་རོགས་གསུམ་གྱི་མི་མཐུན་པའི་ཆ་རྣམས་གོ་བསྡུར་སྦྱངས་བཤད་ཀྱི་ལམ་ནས་མཐུན་པ་བཟོས་ཏེ། རྩ་དོན་དང་སྤྱི་པའི་བདེ་དོན་ཐོག་ཚང་མའི་ནུས་པ་མཉམ་སྤུངས་བྱ་རྒྱུ་ནི། ལོ་རྒྱུས་ཀྱིས་བཙན་བྱོལ་བོད་མི་ཚོར་བསྐུར་བའི་ལས་འགན་བཟློག་ཏུ་མེད་པ་དེ་ཡིན། རྒྱུ་མཚན་ནི། ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་མི་རབས་ཤིག་ཡིན་པ་ལས། ལྟོ་གོས་གཏམ་གསུམ་འཚོལ་སྒྲུབ་བྱེད་མཁན་ཞིག་མིན་པས། འཐབ་རྩོད་ཀྱི་གོང་བུའི་ནུས་ཤུགས་གཅིག་ཏུ་བསྒྲིལ་སླད་ཚང་མས་རང་ནུས་གང་ཡོད་སྤྱི་དོན་ཐོག་མཉམ་སྤུངས་གནང་རྒྱུ་ནི་ང་ཚོའི་འཐབ་རྩོད་ནུས་ལྡན་འབྱུང་བའི་གཞི་རིམ་གྱི་དགོས་མཁོ་ཞིག་ཡིན།

གནས་སྟངས་དང་ཁོར་ཡུག་གང་གི་འོག་ཏུ་ཡིནའང་། ང་ཚོ་འདས་ཟིན་པའི་དཀའ་རྙོག་ལ་འཐམ་འཁྱུད་བྱས་ཏེ་སོར་གནས་བྱེད་ཐབས་མེད་པ་དང་། དེའི་ཐོག་རྩོད་གླེང་བྱས་ཏེ་ཕྱིར་བཤིག་རྒྱག་ཐབས་ནི་དེ་བས་ཀྱང་མེད་པས། ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་ཐབས་ལམ་འཚོལ་རྒྱུ་ནི་གོམ་པ་མདུན་སྤོའི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན།
འཛིན་སྐྱོང་བཀའ་ཤག་གི་ངོས་ནས། ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཟུང་མང་གཙོའི་ཀ་བ་གསུམ་ཕན་ཚུན་ལྗིད་སྙོམས་སྟངས་འཛིན་གཙོ་བཟུང་ཐོག ལས་དོན་བྱེད་སྒོ་ཁག་བཟང་ཕྱོགས་སུ་གོམ་པ་སྤོ་བཞིན་པ་དང་། མ་འོངས་པར་ཡང་བོད་ཀྱི་རྩ་དོན་དང་བོད་མིའི་བདེ་དོན་སྒྲུབ་ཕྱོགས་ཐད་དེ་བཞིན་དུ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད།༽ཅེས་སོགས་གསུངས་འདུག
དེའི་རྗེས་རྒྱལ་བའི་ཞབས་བརྟན་དང་གསང་གསོལ། སྐོར་གཞས་སོགས་འཁྲབ་ནས་དེ་རིང་གི་༧སྐུའི་འཁྲུངས་སྐར་གྱི་ལས་རིམ་རེ་ཞིག་མཛེས་སྡུག་དང་སྤྲོ་སྣང་ཁྲོད་གྲོལ་སོང་།

གསར་འགོད་པ།་དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།