སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོར་མཇལ་འཕྲད་མཛད་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མཛད་ཡོད། ཨ་རིའི་སྲིད་འཛིན་མཆོག་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཕྱི་ལོ་ ༢༠༡༠ ཟླ་ ༢ ཚེས་ ༡༨ དང་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ བཅས་པར་མཇལ་འཕྲད་ཞུས་ཡོད་པ་དང་། ཐེངས་འདི་ནི་མཇལ་འཕྲད་ཞུ་ཐེངས་གསུམ་པ་དེ་ཆགས་ཡོད། ཐེངས་འདིར་ཆུ་ཚོད་གཅིག་ལྷག་ཙམ་རིང་མཇལ་འཕྲད་ཞུས་ཡོད་པའི་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་ཀྱི་སྐུ་ཚེའི་མཛད་ཁུར་གཙོ་བོ་གསུམ་སྟེ། འགྲོ་བ་མིའི་བརྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང༌། ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ། དེ་བཞིན་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་མཛད་རྒྱུའི་སྐོར་ངོ་སྤྲོད་མཛད་པ་དང༌། དབུ་ཁྲིད་རྣམ་གཉིས་དབར་བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། དེ་བཞིན་དུས་རབས་ཉེར་གཅིག་ནང་བཟང་སྤྱོད་ལྡན་པའི་འགོ་ཁྲིད་ཡོང་ཐབས་ཆེད་མི་རབས་གསར་པ་ཚོ་ཇི་ལྟར་སྐྱེད་སྲིང་བྱ་དགོས་སོགས་ཀྱི་སྐོར་བཀའ་སྡུར་ལྷུག་པོ་མཛད་ཡོད། སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་དེ་རིང་ཡང་བསྐྱར་མཇལ་འཕྲད་ཞུ་རྒྱུ་བྱུང་བར་ཆེ་མཐོང་ཆེན་པོ་ཐོབ་བྱུང་ཞེས་དང༌། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ལམ་དབུ་མར་ཨ་རིའི་གཞུང་ཕྱོགས་ནས་རྒྱབ་སྐྱོར་ཡོད་སྐོར་གསུང་འདུག་པ་མ་ཟད། སྲིད་འཛིན་མཆོག་གིས་ཨ་རིའི་སྲིད་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་ཧ་ཅང་སེམས་འཚབ་ཆེན་པོ་ཡོད་སྐོར་ཞུས་པ་དང༌། རྒྱ་ནག་གཞུང་གིས་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་ལྷན་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་སྐོར་ནན་བརྗོད་གནང་འདུག

མཇལ་འཕྲད་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་དགའ་བསུ་ཞུས་པ་དང་སྦྲགས་ཨ་རིའི་སྲིད་འཛིན་ངོས་ནས་བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང༌། སྲིད་སྐྱོང་མཆོག་གིས་ཐེངས་འདིའི་དབུ་ཁྲིད་རྣམ་གཉིས་དབར་གྱི་མཇལ་འཕྲད་དེས་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོར་རེ་བ་མ་རླག་པར་གནས་དགོས་པའི་བརྡ་ལན་གསལ་པོ་ཞིག་སྤྲད་ཡོད་པ་གསུང་འདུག །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།