སྡེ་དགེ་འདན་མའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད།

དེ་རིང་ཕྱི་ཟླ་༩ ཚེས་༢ ཉིན་ཀྱི་ཆུ་ཚོད་༡༦ ནས་༢༡ བར་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ངོས་ནས་ད་ལྟའི་སྡེ་དགེ་འདན་མའི་ཁུལ་གྱི་ཛ་དྲག་གི་གནས་བབ་ལ་གདུང་སེམས་བསྐྱེད་དང་རྒྱ་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཞི་རྒོལ་སྐད་འབོད་ཅིག་གོ་སྒྲིག་ཞུས་ཡོད་འདུག  

ལས་འགུལ་སུད་སི་གྲོང་ཁྱེང་ཛུ་རིག་གི་ས་ཁུལ་bürkliplatz ནས་དབུ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་བར་ཞི་བའི་སྐད་འབོད་གནང་བ་དང་། ཕྱི་རྒྱལ་མི་རིགས་ཁག་ལ་བོད་གནས་ངོ་སྤྲོད་ཡིག་ཆ་༥༠༠ ལྷག་འགྲེམ་སྤེལ་གནང་ཐུབ་ཡོད་འདུག་ཅིང་། ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་། ཡུ་རོབ་སྤྱི་ཟུར་སྐུ་ངོ་ཚེ་རྡོར་ལགས། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས། སུད་སི་སྡེ་དགེ་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་གཙོས་མི་མང་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག 

ཐེངས་འདིའི་ལས་འགུལ་གྱི་ཡིག་ཆ་ནང་འཁོད་དོན། སྤྱི་༨ ཚེས ༡༡ གི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ན་སྡེ་དགེ་འདན་མ་རུ་སྡེ་དཔོན་དབང་གྲགས་ལགས་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་འོག་འཇུ་བཟུང་ཞིང་། ཚེས་ ༡༢ ཉིན་མི་མང་གིས་སྡེ་དཔོན་དབང་གྲགས་གློད་དགོས་པའི་ཞི་འབོད་བྱས་པར་རྒྱ་གཞུང་དྲག་ཆས་དམག་མིས་མི་མང་ལ་མེ་མདའ་གང་བྱུང་བརྒྱབ་སྟེ་ཉུང་མཐར་ཉེས་མེད་མི་མང་བཅུ་གྲངས་ལྷག་རྨས་སྐྱོན་ཚབ་ཆེན་བཟོས་ཡོད་པ་དང་། རྨས་སྐྱོན་བཟོས་པའི་མི་མང་དེ་དག་ཁྲོད་ཀྱི་སྡེ་དཔོན་དབང་གྲགས་ཀྱི་ཨ་ཞང་ཚེ་དབང་མགོན་པོ། ལོ་ ༦༠ ཙམ། དབང་གྲགས་གྱི་སྤུན་མཆེད་ཡེ་ཤེས་ལོ་༤༢། དབང་གྲགས་ཚང་གི་མག་པ་སྦྱིན་པ་མཐར་ཕྱིན། ལོ་༡༨ ཡིན་པ་བཅས་ཁོང་གསུམ་ལ་དུས་ཐོག་སྨན་བཅོས་བྱེད་མ་བཅུག་པའི་སྟེང་། རྡུང་རྡེག་མནར་གཅོད་བཏང་སྟེང་བསད་ཡོད་འདུག་ལ། ཁ་སང་ཕྱི་ཚེས་ ༡༨ ཉིན་ཁོང་ཚོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་འདུག་པའི་གནས་ཚུལ་ཁུངས་ལྡན་པར་དང་བཅས་པ་འབྱོར་ཡོད། འདི་ནི་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་ཉེས་མེད་བོད་མི་དམར་གསོད་བྱེད་བཞིན་པའི་དཔེ་མཚོན་ཙམ་ཡིན། རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་སྡེ་ཚན་གཙོས་ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་དང་གྲོས་ཚོགས། སྤྱི་སྒེར་ཚོགས་སྡེ་ཡོངས་ནས་བདེན་རྒྱབ་དཔུང་རོགས་དང་འབྲེལ་རྒྱ་གཞུང་གིས་བོད་མིར་དྲག་གནོན་བྱས་དང་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་སྟངས་འདི་རྣམས་ལ་བདག་སྐྱོང་གནང་སྟེ་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ཀྱི་ཐུགས་འགན་ཆེ་བཞེས་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་མཁྱེན་རྟོགས་ཆེད་གསར་འགོད་པ་དང་། རྟོག་ཞིབ་ཚོགས་པ་སོགས་བོད་ནང་འཕྲལ་གཏོང་ཡོང་ཐབས་རྒྱལ་སྤྱིའི་མི་མང་གིས་རོགས་སྐྱོར་ཡོང་བ་ཞུ། ཞེས་འཁོད་འདུག 

རྒྱ་ནག་གཞུང་ཚབ་མདུན་དུ་མི་མང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པ་དང་སྦྲགས། སུད་སི་སྡེ་དགེ་འདན་མའི་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་ད་ལྟའི་འདན་མའི་ཁུལ་གྱི་གནས་སྟངས་ངོ་སྤྲོད་དང་། སུད་སིི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་དང་། ཡུ་རོབ་སྤྱི་འཐུས་སོགས་ཀྱིས་སྔ་ཕྱིར་ལས་འགུལ་དང་འབྲེལ་བའི་བཀའ་སློབ།  བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་དང་ཚོགས་གཞོན་མཁར་འཕགས་རྣམ་པ་གཉིས་ཀྱིས་ལས་འགུལ་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སོགས་གནང་ཞིང་། ཚོགས་པའི་དྲུང་ཡིག་ཕུན་ཚོགས་ཀྱིས་ལས་འགུལ་མཇུག་སྡོམ་གཏམ་བཤད་སོགས་གྲུབ་རྗེས་ལས་འགུལ་འཇུག་སྒྲིལ་གནང་སོང་། ཙ་ཡུལ་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།