སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀ༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་སུད་སི་མ་ཧྭ་གུ་རུའི་འབུམ་ཚོགས་ཐེངས་ལྔ་བའི་ཚོགས་མགོན་དུ་ཕེབས་ཏེ་སྤྱི་སྨན་ཞབས་རིམ་བསྒྲུབས་པ།

དེ་རིང་སྤྱི་ཚེས་༡༠ ཉིན་སུད་སི་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་སྐབས་༡༧ འཐུས་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་སྐྱེས་འགྲོ་ཡོངས་ཀྱི་བླ་ན་མེད་པའི་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་དང་། བསྟན་འཛིན་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། བསྟན་འགྲོའི་རླབས་ཆེན་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱིས་གྲུབ་པ་དང་། བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཕུགས་ཀྱི་ཐུགས་དགོངས་མྱུར་དུ་འགྲུབ་པ་དང་། བོད་མི་ཡོད་དོ་ཅོག་གི་སྤྱི་མཐུན་བསོད་ནམས་གོང་འཕེལ་དང་། རྐྱེན་ངན་བར་ཆད་སོགས་མི་ཡོང་བ་བཅས་ཀྱི་ཆེད་དུ། ཐེངས་ལྔ་བའི་མ་ཧྰ་གུ་རུའི་འབུམ་ཚོགས་སྤྱི་སྨན་ཞབས་རིམས་ཀྱི་ཚོགས་མགོན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀ་༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་གདན་ཞུ་ཆིབས་བསྒྱུར་ཐོག་ཞབས་རིམ་མུ་མཐུད་འཚོགས་བཞིན་ཡོད་འདུག

གོང་ཚེས་ཉིན་གྱི་ཞོགས་པར་རི་ཁོན་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་བླ་གྲྭ་དགེ་འདུན་པ་རྣམས་དང་། སུད་སི་སྔ་འགྱུར་རིག་འཛིན་འདུས་སྡེ་བླ་མ་རིག་འཛིན་ནམ་མཁའ་རིན་པོ་ཆེ་མཆོག ཡུ་རོབ་སྤྱི་འཐུས་དང་སྤྱི་ཟུར། དེ་བཞིན་སུད་སི་དོན་གཅོད་སྐུ་ངོ་དང་། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་འཐུས་ཚོགས་སྐབས་༡༧ པའི་ཚོགས་གཙོ་སྦྲེལ་བོ་གཙོས་ས་གནས་འཐུས་མི་རྣམས་ཀྱིས་གཙོས་ས་གནས་བོད་མི་སུམ་བརྒྱ་ལྷག་གིས་སྐྱབས་རྗེ་ཀ་༔་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཚོགས་མགོན་དབུ་བླར་གདན་ཞུ་གནང་གྲུབ་རྗེས། མི་མང་ཚོགས་གཙོ་མཆོག་གིས་སྐྱབས་རྗེ་ཀ༔་ཐོག་རིན་པོ་ཆེ་མཆོག་གི་མཛད་རྣམ་སྙིང་བསྡུས་ཞིག་སྦྱར་ཀློག་ངོ་སྤྲོད་གནང་བ་དང་། དེ་རྗེས་རིན་པོ་ཆེ་མཆོག་གི་མི་མང་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་བ་དང་། དེ་རྗེས་ཐེངས་འདིའི་མ་ཧ་གུ་རུའི་འབུམ་ཚོགས་ཐེངས་ལྔ་བར་ས་གནས་མི་མང་གིས་ཞལ་འདེབས་གནང་འབྱོར་བྱུང་བའི་ཐོ་གཞུང་སྦྱར་ཀློག་སོགས་གནང་ཡོད་འདུག

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀ་༔་ཐོག་རིན་པོ་ཆེ་མཆོག་གིས་མི་མང་ལ་བཀའ་སློབ་བསྩལ་དོན། སྤྱིར་སངས་རྒྱས་བྱང་སེམས་ལ་ཁྱད་པར་མེད་ཀྱང་གུ་རུ་རིན་པོ་ཆེ་མཆོག་ནི་བོད་གངས་ཅན་ལ་མཚོན་ན་འབྲེལ་བ་དམིགས་བསལ་བ་ཡོད་པ་དང་། ཁྲི་སེང་སྡེ་བཙན་སྐབས་ལྷ་སྲིན་སོགས་ཀྱིས་བོད་གངས་ཅན་ལྗོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་བར་གེགས་དང་གནོད་འཚེ་བྱེད་སྐབས་གུ་རུ་རིན་པོ་ཆེ་བཀའ་དྲིན་བྱིན་རླབས་སྐྱོང་གནང་ཡོད་པ་བཞིན། གུ་རུ་རིན་པོ་ཆེའི་མཚན་སྔགས་བགྲང་བ་དང་། གུ་རུའི་འབུམ་ཚོགས་འདི་བཞིན་འཚོགས་གནང་ཐུབ་པ་འདིས་གནས་སྐབས་གེགས་བར་ཆོད་སེལ་བ་དང་། མཐར་མཐུག་སངས་རྒྱས་ཀྱི་གོ་འཕོང་འཐོབ་བྱེད་ཀྱི་རྒྱུ་རུ་འགྲོ་གི་ཡོད་པ་རེད། འོན་ཀྱང་ཆོས་གང་ཞིག་བྱས་ན་གཙོ་བོ་ཀུན་སློང་རྣམ་པར་དག་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཀུན་སློང་རྣམ་པར་དག་པ་དགོས་ཚུལ་སྐོར་ནམ་རྒྱུན་༧གོང་ས་མཆོག་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀའ་སློབ་ཐེངས་མང་བསྩལ་བ་ནང་བཞིན། རང་སོ་སོ་གཅིག་པུའི་ཆེད་མ་ཡིན་པ།  ཚེ་འདི་གཅིག་པུའི་ཆེད་མ་ཡིན་པ། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་རང་ཉིད་ཀྱི་མར་མ་གྱུར་བ་གཅིག་ཀྱང་མེད་པ་བཞིན། སེམས་ཅན་གྱི་དོན་དུ་མར་ཤེས་པ། དྲིན་དྲན་པ་སོགས་ཀྱིས་ཀུན་སློང་འཛིན་དགོས་པ་གལ་ཆེན་པོ་རེད། ཅེས་དང་། ང་ཚོའི་ཆོས་གང་བྱེད་སྐབས་སེམས་པ་ལ་རག་ལས་ཡོད་ཚུལ་༧གོང་ས་མཆོག་གིས་གསུང་བ་ནང་བཞིན་ནམ་རྒྱུན་༧སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གི་བཀའ་སློབ་སྤྱི་བོར་འཛིན་པའི་ཐོག་ནས་ལས་གང་བྱས་ཆོས་ལ་འགྲོ་ཐབས་གནང་རྒྱུ་གལ་ཆེ། ཞེས་སོགས་གསུང་ཡོད་འདུག 

ཐེངས་ལྔ་བའི་མ་ཧྰ་གུ་རུའི་འབུམ་ཚོགས་འདི་བཞིན་ཟླ་༥ ཚེས་༡༠ ནས་༡༢་བཅས་ཉིན་གསུམ་རིང་འཚོག་བཞིན་ཡོད་འདུག་ལ། ལོ་ལྟར་མ་ཧྰ་གུ་རུའི་འབུམ་ཚོགས་ཐེངས་གཅིག་རེ་གོ་སྒྲིག་ཞུ་བཞིན་ཡོད་པ་མ་ཟད།  མུ་མཐུད་བོད་དོན་བདེན་མཐའ་མ་སེལ་བར་འབུམ་ཚོགས་འདི་བཞིན་འཚོག་ཐུབ་པའི་རེ་གནང་གི་ཡོད་འདུག

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སྡོམས་རོགས།