སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་བོད་དོན་ངོ་སྤྲོད་གནང་བ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕ་རན་སིའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་གསར་འགོད་པ། བོད་དོན་ལས་འགུལ་བ། དེ་བཞིན་བོད་ཀྱི་གྲོགས་པོ་རྣམས་ལ་བོད་དོན་སྐོར་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད། ལྷན་ཚོགས་དེའི་སྐབས་༸གོང་ས་མཆོག་གི་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་ཕྱི་ལོ་ ༢༠༠༢ ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱུང་བ་ནས་ད་བར་རྒྱ་བོད་ཕྱོགས་གཉིས་ཀྱི་འབྲེལ་བའི་གནས་སྟངས་ཇི་འདྲ་ཡིན་སྐོར་གསལ་བཤད་གནང་ཡོད་པ་མ་ཟད། ཉེ་ལམ་སྐུ་ཚབ་མཆོག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་ཚོགས་བཅར་ཞུ་སྐབས་འཛམ་གླིང་ཕྱོགས་ཡོངས་ནས་བོད་མིའི་སྐུ་ཚབ་རྣམས་དང་དང་བླངས་བཅས་ཁྱོན་མི་གྲངས་ ༤༠༠ བརྒལ་བ་ཚོགས་འདུར་ཕེབས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་མང་ཚོགས་ཀྱི་བསམ་འཆར་དང་སྐུ་ཚབ་སོ་སོས་བསམ་འཆར་ཐོག་བགྲོ་གླེང་ལྷུག་པོ་གནང་མཐར་ཁྲིམས་ལུགས་བརྒྱུད་རིམ་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཉེར་ལྔ་པ་གཏན་འབེབས་བྱུང་ཚུལ་ཁ་གསལ་འགྲེལ་བཤད་གནང་ཡོད། གཞན་ཡང་སྐབས་དེར་སྐུ་ཚབ་མཆོག་གིས་བོད་ཕྱི་ནང་གཉིས་སུ་བོད་པའི་མི་རབས་གསུམ་པ་ཚོས་བོད་མིའི་བདེན་པའི་འཐབ་རྩོད་དེ་འགོ་ཁྲིད་བཞིན་ཡོད་པ་དང་། བོད་མི་ཚོས་འཐབ་རྩོད་དེ་ནི་ཕྱི་ལོ་ ༡༩༤༠ ནང་ཕ་རན་སིའི་ཌི་གུལ་ལེ་ (General De Gaulle) མཆོག་གིས་དབུ་ཁྲིད་འོག་ཇར་མན་ནིའི་གཅིག་སྡུད་དབང་འཛིན་པ་ན་ཛི་ཚོགས་པར་གདོང་ལེན་བྱས་པ་དང་གཅིག་མཚུངས་ཡིན། འོན་ཀྱང་བདེན་པའི་འཐབ་རྩོད་དེ་གཉིས་དབར་མི་འདྲ་བའི་ཁྱད་པར་ཡོད་པ་ནི་བོད་མི་ཚོས་རྒྱ་གཞུང་ལ་འཚེ་བ་མེད་པའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད། དཔེར་ན།     དེ་སྔ་ཆབ་སྲིད་བཙོན་ཟུར་བོད་མི་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་འོག་འཚེ་མེད་ཞི་བ་ཁོ་ནས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆེད་འཐབ་རྩོད་བྱས་ཡོད་སྐོར་གསུངས་ཡོད། གཞན་ཡང་སྐབས་དེར་བུད་མེད་རྩོམ་པ་པོ་ལྕམ་སོ་ཕི་ཡ་སི་ཊི་རིལ་རི་ཝར་ (Sofia Stril Rever)  ལགས་ཀྱིས་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ནང་བོད་རྒྱ་འབྲེལ་མོལ་ལ་ཁ་གཡར་ཏེ་འཁྱོག་བཤད་ཀྱིས་བོད་ཀྱི་གནད་དོན་གླེང་སློང་བྱེད་རྒྱུར་འགོག་རྐྱེན་བཟོ་བཞིན་པར་བརྟེན་བོད་རྒྱ་འབྲེལ་མོལ་དེར་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་རྒྱུར་རེ་བ་དེ་ཙམ་གནང་གི་མེད་སྐོར་གསུངས་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་དེ་བཞིན་ལོ་རེ་ནས་ལོ་རེ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ཕ་རན་སིའི་སྲིད་གཞུང་གིས་གཙོས་རྒྱ་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་མི་ཚོའི་དྲང་བདེན་གྱི་འཐབ་རྩོད་དེར་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། ཚོགས་འདུ་གྲུབ་རྗེས་དྲི་བ་དྲིས་ལན་གནང་ཡོད་། ལྕམ་སྐུ་སོ་ཕི་ཡ་ལགས་ཀྱིས་ཉེ་ལམ་ཕྱི་ལོ་ ༡༩༦༠ ནས་ ༢༠༠༩ བར་༸གོང་ས་མཆོག་གི་མང་གཙོའི་དུས་དྲན་གྱི་བཀའ་སློབ་སྩལ་བ་རྣམས་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་གཅིག་བཏོན་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།