སྐབས་བཅུ་དྲུག་པའི་ས་འཐུས་དམ་འབུལ་ཞུས་པ།

སུད་སི་དང་།  ལིཀ་ཏེན་སིཊཡན་ས་གནས་འཐུས་ཚོགས་( གྲོས་ཚོགས་ ) སྐབས་ ༡༦ འཐུས་མི་གསར་འདེམས་འོས་བསྡུ་ལས་རིམ་ཁག་ལེགས་གྲུབ་ཟིན་ཏེ་ལས་འཁུར་དམ་འབུལ་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཀའ་འཁྲོལ་སྙན་གསན་ཞུས་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་  ༦༩  པའི་ཆ་རྐྱེན་འོག་ས་གནས་སྐུ་ཚབ་དོན་གཅོད་ལ་དམ་འབུལ་བཞེས་རྒྱུའི་དབང་སྐུར་གནང་ཐོབ་དང་།  འོས་བསྡུའི་སྒྲིག་གཞི་དོན་ཚན་  ༧༣/༧༤  དགོངས་དོན་ལྟར་ཕྱི་ལོ་  ༢༠༡༥  ཟླ  ༢  ཚེས་  ༢༨  ཉིན་ཚོུད། ༡༥/༣༠ ཐོག་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ལས་ཁུངས་ནང་ལས་འཁུར་དམ་འབུལ་གྱི་མཛད་སྒོ་ལེགས་གྲུབ་ཟིན།

དེ་ཡང་སྐུ་ཚབ་དོན་གཅོད་ཁང་ནས་བརྡ་ཁྱབ་གནང་དོན་བཞིན།

ཚོུད་།    ༡༥/༣༥ གསར་འདེམས་བྱུང་བའི་འཐུས་མི་རྣམ་པ་དང་སྐུ་མགྲོན་རྣམ་པ་ཚོགས་འཛོམས་གནང་།

རྟེན་བྱུང་གསོལ་ཇ་དང་འབྲས་སིལ་འབུལ་བཞེས་གནང་བསྟུན་དོན་གཅོད་ཁང་གི་ལས་བྱ་ཟླ་བ་རྒྱ་མཚོ་ལགས་ནས་ལས་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཞིང་།   སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་དམ་འབུལ་ཞུ་ཕྱོགས་སོགས་ལམ་སྟོན་སྙིང་བསྡུས་ཤིག་ཀྱང་གནང་སོང་།  དེ་ནས་ས་འཐུས་རྣམས་གཡས་བསྐོར་གྱིས་རིམ་བཞིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་དཀར་གཙང་མཇལ་དར་ཕུལ་བ་དང་ཆབས་ཅིག  འཐུས་མི་རེ་རེས་ས་གནས་ཁྲིམས་ཞིབ་པ་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་གི་སྐུ་མདུན་ལས་འཁུར་དམ་བཅའ་འབུལ་བཞེས་གནང་།
དམ་འབུལ་སྐབས་ས་འཐུས་མང་ཆེ་བས་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་བ་ནི་དམིགས་བསལ་གཟི་བརྗིད་ཆེ་བར་མངོན།  སྐུ་ཚབ་དོན་ཁང་ནས་འཐུས་མི་ཚང་མར་ལེགས་དར་རེ་སྒྲོན་འབུལ་གནང་།  
༡༦/༡༥          ངོ་བཅར་འཐུས་མི་ ༢༠ ཞུས་འདུག་པ་རྣམས་ནས་རང་ཉིད་ངོ་སྤྲོད་ཐུང་ཙམ་རེ་གནང་སྐབས་ལ་གཞིགས་ན།  མང་ཆེ་བ་ནི་རྗེས་འབྱོར་ཡིན་འདུག  རི་ཀོན་དང་སནཌི་གྷ་ལན་ས་འཐུས་དགོངས་ཞུ་དང་། ཤབ་ཧའོསི་དང་།  ལིཀ་ཏེན་སིཊཡན།  ཛུག་བཅས་ཀྱི་ས་འཐུས་ངོ་བཅར་ཞུ་ཐུབ་མི་འདུག
༡༦/༤༠          འཐུས་མི་ཚོགས་འདུའི་ཚོགས་གཙོའི་སྔོན་འགྲོ་དང་དངོས་གཞི་འོས་འདེམས་གནང་དགོས་པ་ལྟར་ཚོགས་གཙོའི་འོས་མི་སྔོན་འགྲོའི་ནང་བླ་རྙིང་པདྨ་ཚེ་རིང་།  ༡༠  བསྟན་འཛིན་སྙིང་པ།  ༨  སྤང་རིང་སྐར་མ།  ༧  བཅས་ཡོད་པ་ནས་དངོས་གཞིར་བསྟན་འཛིན་སྙིང་པོ་ལགས་སུ་མང་འོས་བདམས་ཐོན་བྱུང་།

འཐུས་མི་ཚོགས་འདུའི་ཚོགས་གཞོན་སྔོན་འགྲོ་དང་དངོས་གཞི་འོས་འདེམས་གནང་རྒྱུ་ལྟར་སྔོན་འགྲོར་བླ་རྙིང་པདྨ་ཚེ་རིང་།  བདེ་སྐྱིད་དབྱངས་འཛོམས།  སྤང་རིང་སྐར་མ་བཅས་ཡོད་པ་ནས་སྤང་རིང་སྐར་མ་དགོངས་ཞུ་གནང་འོག་འོས་མི་གཉིས་འདུག་པ་དང་།  ཟླ་བ་ནོར་བུ་དང་འཆི་མེད་རྡོ་རྗེ་གཉིས་ལ་བསྐྱར་དུ་འོས་ཤོག་དབྱུགས་སོང་བར་འཆི་མེད་རྡོ་རྗེ་ལགས་སུ་འོས་མང་བ་བྱུང་ཡོད་ཅིང་།  དེ་ནས་པདྨ་ཚེ་རིང་།  བདེ་སྐྱི་དབྱངས་འཛོམས།  འཆི་མེད་རྡོ་རྗེ་བཅས་གསུམ་ཡོད་པ་ནས་དངོས་གཞིར་བླ་རྙིང་པདྨ་ཚེ་རིང་ལགས་སུ་མང་འོས་བདམས་ཐོན་བྱུང་།   གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་ས་གནས་ཁྲིམས་ཞིབ་པའི་སྐུ་མདུན་ལས་འཁུར་དམ་བཅའ་བཞེས་གནང་རྗེས་སྐུ་མགྲོན་སོགས་ནས་རང་ལུགས་རྟེན་འབྲེལ་མཇལ་དར་སྒྲོན་འབུལ་ཞུས་པ་དང་བཅས་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་འཚམས་འདྲིས་གནང་།

བདམས་ཐོན་བྱུང་བའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་ནས་གསུང་བཤད་མདོར་བསྡུས་གནང་བར་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ད་རེས་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་སོང་བར་བརྟེན་ཞུ་རྒྱུ་གང་ཡང་དྲ་གྱི་མིན་འདུག་ཚང་མས་རེ་བ་དང་ཡིད་ཆེས་གནང་ཡོད་པར་མང་པོ་ཞུ་རྒྱུ་མེད་ཚང་མས་ཕྱར་གྲུ་མཉམ་འདེག་དམ་འབུལ་ཚིག་དོན་ལྟར་བྱུང་བ་ཡིན་ན་ལས་དོན་འགྲུབ་རྒྱུར་ལམ་ལྷོང་ཡོང་བའི་རེ་བ་དང་ཡིད་ཆེས་ཡོད་ཅེས་དང་།   ཚོགས་གཞོན་བླ་རྙིང་པདྨ་ལགས་ནས་གོང་དུ་སྐོུ་དོན་གཅོད་ནས་བཀའ་སློབ་དགོངས་དོན་ཕྱིར་བཤིག་རྒྱག་ཐབས་མེད་པ་བྱུང་སོང་ལ་ཚང་མས་ཐུགས་རེ་གནང་བར་སོང་མཉམ་རུབ་གནང་དགོས་གལ་ཆེ་ཡིན་ལ་དེ་ལྟར་ཡིད་ཆེས་ཡོད་ལས་དོན་གང་ཐུབ་ཞུ་རྒྱུ་ཡིན་པ་བཅས་གསུངས།

མཇུག་བསྡོམས་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་གསུང་བཤད་གནང་དོན་དམ་འབུལ་ལས་དོན་ལེགས་གྲུབ་བྱུང་སོང་བར་དགྱེས་འཚོར་ཆེན་པོ་བྱུང་བ་དང་།  གལ་གནད་ཆེ་ཤོས་ཤིག་ནི་ཁྲིམས་སྒྲིག་ལ་དོ་སྣང་དང་འབྲེལ་དེ་ལྟར་འགྲོ་ཐུབ་པ་ཡིན་ན་ལས་དོན་ལ་ཕན་འབྲས་ཆེན་པོ་ཡོང་རྒྱུ།  མང་གཙོའི་སྤྱི་ཚོགས་ནང་ཁྲིམས་བཟོ་ལྷན་ཚོགས་གལ་ཆེ་ཡིན།  ས་གནས་འཐུས་ཚོགས་གལ་ཆེར་སོང་རྒྱུད་རིམ་སྣ་ཚོགས་ཀྱི་ལེགས་བཅོས་དགོས་གལ་ཡོད་རིགས་དུས་བསྟུན་བསམ་གཞིགས་གནང་རྒྱུ་སོགས།  རང་ཉིད་གང་སར་འགྲོ་མྱོང་བ་བཅས་ལ་གཞིགས་ན་ས་གནས་འདིས་སྒྲིག་འཛུགས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་ཞེ་དྲག་ཡོད་ལ་སྤྱི་མང་ཡོངས་ནས་མིག་ལྟོས་ཐུབ་པ་ཞིག་འདུག་ཞུ་རྒྱུ་ཡིན།  དོན་ཁང་ནས་ཞུ་འོས་ཅི་ཡོད་གང་ཐུབ་ཅི་ཐུབ་ལམ་སྟོན་མཐུན་གྱུར་གནང་རྒྱུ་ཡིན་ཅེས་དང་།  འཐུས་མི་ལྔ་ད་རེས་ཕེབས་ཐུབ་མེད་པར་སོང་ཚོགས་འདུ་དང་པོར་ཚོགས་གཙོ་སྦྲེལ་པོའི་མདུན་ནས་དམ་འབུལ་ཞུ་དགོས་པ་དང་།  རྒྱུན་ལས་སོགས་ཚོགས་གཙོ་རྣམ་གཉིས་ཀྱིས་བཀོད་སྒྲིག་གང་གནང་ལྟར་དང་ལེན་གནང་རོགས་ཅེས་དང་། 
ད་རིང་ནས་བྱས་ང་ཚོ་མཉམ་རུབ་གང་ཐུབ་ཞུ་རྒྱུ་ཡིན།  སྐབས་ ༡༥ པའི་འཐུས་ཚོགས་ནས་ལོ་གསུམ་རིང་ཕྱག་ལས་རླབས་ཆེན་ཚགས་ཚུད་གནང་ཐུབ་པ་བྱུང་ཡོད།  དེ་ནི་རང་ཉིད་ཟླ་ཤས་ལས་མཉམ་གཤིབ་བྱ་ཁོམ་མ་བྱུང་ཡང་གནས་ཚུལ་རྣམས་རྒྱུས་ལོན་གསལ་པོ་ཡོད་ལ།  དེ་བཞིན་དོན་ཁང་ལས་བྱ་རྣམ་པས་གསལ་པོ་གསུངས་འདུག་པ་མ་ཟད།  ༧རྒྱལ་བ་རིན་པོ་ཆེའི་ཆིབས་སྒྱུར་མཛད་རིམ་ཐོག་མཐའ་བར་གསུམ་ནས་འཐུས་ཚང་གནང་ནས་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་བཅས་ཚང་མས་གསལ་པོ་མཁྱེན་གྱི་ཡོད།  བུ་སྐྱེས་དུས་ངན་པ་ཟེར་བ་བཞིན་ང་འབྱོར་བ་དང་ཁོང་ཚོའི་ལས་དུས་རྫོགས་པ་རེད།  ད་ཆ་ཁྱེད་རྣམས་འཐུས་མི་གསར་པ་ལས་འཁུར་དམ་འབུལ་གནང་བ་བཅས་ང་ཚོ་མཉམ་དུ་ཚར་ལོངས་བྱ་དགོས་པ་ཡིན།  རྒན་སྐུ་ཚེ་རིང་ན་ལོ་གསུམ་རྐྱེན་གློ་བུར་བྱུང་ན་བཞག་གསུམ་ཟེར་བའི་དཔེ་ལྟར་སོང་ཚང་མས་ཧུར་ཐག་འབད་ཐག་གནང་རོགས།  སྐུ་ངལ་འདྲ་མིན་ཡོང་རྒྱུ་དང་བློས་གཏོང་མང་ཙམ་དགོས་རྒྱུ་རེད།  སྒེར་ལ་དཔལ་འབྱོར་རེད་དེ་བཞིན་གྱི་དགའ་མིན་གནས་ཚུལ་མང་པོ་ཡོང་སྲིད་པར་བཟོད་གཟན་དང་ལེན་གནང་དགོས་སོགས་བཀའ་སློབ་ལམ་སྟོན་ཧང་སངས་དགོས་པ་གནང་སོང་བ་བཅས་དང་།

སུད་སིར་ཕྱི་ལོ་ ༡༩༩༥ ལོ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པའི་དོན་ཚན་  ༧༨  ནང་གསལ་ལྟར་གལ་ཆེ་དོན་ཆེར་རྩ་འཛིན་གྱིས་དཀའ་རྙོག་ཇི་ཡོད་ལ་མ་འཛེམ་པར་ས་གནས་འཐུས་ཚོགས་(གྲོས་ཚོགས་) ལག་བསྟར་ཞུ་བཞིན་ཡོད་པ་ནས་སྐབས་འདིའི་སྐུ་ཚབ་དོན་གཅོད་མཆོག་ནས་ཐུགས་འགན་བཞེས་ནས་ད་རེས་དམ་འབུལ་མཛད་སྒོ་འདི་འདྲར་བྱུང་མྱོང་མེད།  སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་ནས་སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་དང་།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གསལ་པོར་མཁྱེན་རྟོགས་ཡོད་པ་ཙམ་མ་ཟད།  དེ་དག་གི་དགོས་པ་དགེ་མཚན་ཇི་ཡོད་སྤྱི་དོན་ལྷག་བསམ་ཞུམ་པ་མེད་པའི་ཐོག་ནས་ཁུལ་འདིར་ཡར་རྒྱས་ཚག་ཚུད་འབྱུང་ཐབས་ཐུགས་འཁུར་གནང་བཞིན་ཡོད་པའི་འཚོར་སྣང་ཤུགས་ཆེར་བྱུང་བ་བཅས།  དམ་འབུལ་གྱི་མཛད་སྒོ་རྒྱལ་ཁའི་ངང་གྲོལ་སོང་ལགས།  སྒོ་སྤེ་ཡོན་ཏན་གྱིས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སམས་རགས།