སྐད་འཕྲིན་ནང་ལ་འཁྲུག་པ་བརྒྱབ་མ་ཡོང་།

དེ་རིང་༢༡ རེས་གཟའ་ཉི་མའི་ཉིན་གྱི་ཆུ་ཚོད་༡༠ ཐོག་་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་སུད་སི་ཛུ་རིག་གནམ་ཐང་དུ་བདེ་འབྱོར་དང་མི་མང་ཧ་ཅང་དགའ་ཚོར་ཆེན་པོས་ཕེབས་བསུ་གཟབ་རྒྱས་གནང་སོང་།

གོང་ཚེས་ཉིན་གྱི་ཆུ་ཚོད་༡༣་༠༠ ཐོག་སུད་སི་ནང་སྲིད་སྐྱོང་ལས་ཐོག་དང་༢༠༡༦ལོའི་སྲིད་སྐྱོང་འོས་མི་མཁས་དབང་བློ་བཟང་སེང་གེ་མཆོག་སུད་སི་གདན་ཞུ་གནང་མཁན་གོ་སྒྲིག་ཚོགས་ཆུང་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གཉིས་ཐུན་མོང་གི་གོ་སྒྲིག་འོག་Volkhaus ཚོགས་ཁང་ཆེན་མོའི་ནང་སྲིད་སྐྱོང་འོས་མིའི་གཏམ་བཤད་དང་མི་མང་གི་དྲི་བ་དྲིས་ལན་སོགས་གནང་སོང་ལ། ས་གནས་བོད་ཆིག་སྟོང་བརྒལ་བ་འདུ་འཛོམས་གནང་སོང་།

མཛད་རིམ་གྱི་ཐོག་མར་སུད་སི་དང་ལིཀ་ཏེན་སིེཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་སྲིད་སྐྱོང་འོས་བསྡུ་དང་སྤྱི་འཐུས་འོས་བསྡུ། དམིགས་བསལ་ཐེངས་འདིའི་སྲིད་སྤྱིའི་འོས་བསྡུའི་ཐད་མི་མང་གིས་འགན་ཆེན་པོ་བཞེས་དགོས་པ་དང་། ལྷག་དོན་ཐེངས་འདིའི་འོས་བསྡུའི་གླེང་སློང་ནང་ཆེད་དུ་རྒྱ་ནག་གཞུང་ཕྱོགས་སོགས་ཕྱི་ལོག་གི་དགྲ་བོས་ཆེད་དུ་རྙོག་གླེང་བཟོ་བཞིན་ཡོད་པ་དང་། ཁོང་ཚོས་ཆེད་ནང་ཁུལ་ལ་དཀྲུག་ཤིང་བཟོ་སྐབས་གཏམ་ལེགས་པ་ཞིག་དང་། བསམ་པ་བཟང་བོ་ཡིན་ཁུལ་གྱིས་ནང་ལ་འཛུལ་ཡོང་བ་ལས། ང་དགྲ་ཡིན་ཟེར་ནས་ཐོད་པར་ཡི་གེ་བྲིས་ནས་ཡོང་གི་མ་རེད། དེ་བས་མི་མང་ཚོས་གཟབ་གཟབ་དང་གཏམ་འཆལ་རིགས་ལ་ཉན་ཡ་དང་བལྟ་ཡ་ཡོད་པ་མ་རེད། སྲིད་སྐྱོང་འོས་མི་གཉིས་ཀྱི་བར་ལ་དཀྲུག་ཤིང་དང་གཞི་མེད་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་པ་སུ་ཡིས་དམིགས་ཡུལ་ཡིན་པ་ངེས་པར་ཤེས་དགོས་པ་རེད། ཅེས་དང་། ཕྱི་ལོག་གི་དགྲ་ནང་ལ་འཛུལ་མ་ཐུབ་པའི་ཐོག་ནས་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་གྱི་ཞེན་ཁོག་མ་ཡིན་པའི་ཐོག་ནས་འོས་འཕེན་རྒྱུ་གལ་ཆེན་པོ་ཡིན། ཞེས་དང་། དཔལ་ལྡན་སྲིད་སྐྱོང་མཆོག་སུད་སིར་གདན་ཞུ་གནང་མཁན་དང་བགྲོ་གླེང་གོ་སྒྲིག་གནང་མཁན་གྱི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ངོ་སྤྲོད་གནང་དོན། ང་ཚོས་དཔལ་ལྡན་སྲིད་སྐྱོང་མཆོག་སུད་སིར་གདན་ཞུ་དང་བགྲོ་གླེང་གོ་སྒྲིག་གནང་དགོས་དོན་ནི། ༢༠༡༦ལོའི་སྲིད་སྐྱོང་ལ་སླར་ཡང་སྐུ་ངོ་མཁས་དབང་བློ་བཟང་སེང་གེ་མཆོག་ངེས་པར་བཞུགས་དགོས་པ་ནི། བོད་གཞིས་བྱེས་གཉིས་ནས་སྲིད་སྐྱོང་མཆོག་ལ་ཆེ་མཐོང་དང་། ༧གོང་ས་མཆོག་གིས་ཐུགས་རེ་སོགས་ལ་གཞི་བཞགས་ནས་ཞུ་བཞིན་ཡོད། ཅེས་དང་། ང་ཚོས་སྤྱི་ཚོགས་ནང་སྲིད་སྐྱོང་འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་ཡིན་མདོག་མདོག་གིས་ཕར་ཕྱོགས་ལ་ཚད་ལས་བརྒལ་བའི་སྐྱོན་བརྗོད་སོགས་གནང་བཞིན་པ་ཡག་པོ་མིན་སྟབས། ང་ཚོས་དེ་རིང་འདིར་སྲིད་སྐྱོང་ལས་ཐོག་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཀྱང་། ང་ཚོར་སྲིད་སྐྱོང་གི་རྒྱབ་སྐྱོར་ཚོགས་པ་ཞེས་མིང་བཏགས་མེད། ང་ཚོས་སྲིད་སྐྱོང་འོས་མི་སྐུ་ངོ་བློ་བཟང་སེང་གེ་མཆོག་སུད་སིར་གདན་འདྲེན་དང་། གཏམ་བཤད་གོ་སྒྲིག་གནང་མཁན་ཡིན་སྟབས་ང་ཚོར་གོ་སྒྲིག་ཚོགས་ཆུང་ཞེས་བཏགས་ཡོད། ཅེས་དང་། དེ་རིང་འདིར་སྲིད་སྐྱོང་འོས་མི་མཆོག་ལ་དྲི་བ་དྲིས་ལན་སོགས་གནང་སྐབས། མི་མང་སུ་ཡིན་ཡང་བསམ་ཚུལ་གསུང་བའི་རང་དབང་ལ་བརྩི་བསྐུར་གནང་རྒྱུ་དང་། དྲི་བ་ག་རེ་བཏང་པ་ཡིན་ནའང་མི་མང་གིས་སྐད་ཅོར་སོགས་མི་གནང་བར་བཟང་སྤྱོད་དང་ལྡན་པ་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།

སྲིད་སྐྱོང་མཆོག་ལས་ཐོག་དང་། ༢༠༡༦ལོའི་སྲིད་སྐྱོང་འོས་མི་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། སྲིད་སྤྱིའི་འོས་བསྡུའི་ནང་སྤྱི་ཚོགས་ནས་འོས་མི་ཚོར་གཞི་མེད་སྐྱོན་བརྗོད་གནང་བཞིན་པ་དེ་ཡག་པོ་མ་རེད། དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡིན་ནའང་མི་མང་གིས་གུས་ཞབས་བྱ་དགོས་པ་རེད། དེ་ཡང་གུས་ཞབས་བྱ་དགོས་པ་གཅིག་པུའི་དོན་དག་མ་རེད། ཁོང་གྲོས་ཚོགས་ཀྱི་ཚོགས་གཙོ་ཡིན་པ་དང་། གྲོས་ཚོགས་དེ་ཡང་དམངས་གཙོ་ཀ་བ་གསུམ་གྱི་ནང་ནས་ཀ་བ་གལ་ཆེན་དེ་ཡིན་དུས་ངེས་པར་མི་མང་ཚང་མས་གུས་ཞབས་གནང་དགོས་པ་རེད། ང་ཚོའི་དམངས་གཙོ་དེ་བཟང་སྤྱོད་ལྡན་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་ཞིག་རེད། ང་ཚོས་དབྱིན་ཇི་དང་ཨ་རི་སོགས་ཀྱི་དམངས་གཙོའི་འགྲོ་ལུགས་ཆ་ཚང་ང་ཚོར་དགོས་ཀྱི་ཡོད་ན་དཀའ་ལས་ཁག་པོ་ཆགས་པ་རེད། ཡིན་ནའང་ང་ཚོས་ངོམ་ཆོག་པ་ཞིག་ལ་ང་ཚོའི་དམངས་གཙོ་འདི་བཟང་སྤྱོད་ཀྱི་དམངས་གཙོ་ཞིག་ཡིན་དགོས་པ་དེ་གལ་ཆེན་རེད། བཟང་སྤྱོད་ཀྱི་དམངས་གཙོ་འདི་ཕྱིའི་རྒྱལ་ཁབ་ཁག་ནས་བལྟས་པ་ཡིན་ནའང་དམིགས་བསལ་བ་ཞིག་དང་། རྒྱ་ནག་གིས་བལྟས་པ་ཡིན་ནའང་འདི་ལྟའི་དམངས་གཙོ་ཞིག་ང་ཚོ་ལ་དར་ཀྱང་འགྲིག་འདུག་ཨང་སྙམ་པ་ཞིག་ཡོང་གི་རེད། ཅེས་དང་། དབུས་བོད་མིའི་སྒྲིག་འཛུགས་ནི་མི་མང་གི་གུས་ཞབས་དང་ཆེ་མཐོང་གི་ཐོག་ནས་གནས་དགོས་པ་ཞིག་ཡིན་ལ། མི་མང་མེད་ན་དབུས་བོད་མིའི་སྒྲིག་འཛུགས་ཀྱང་ཡོད་པ་མ་རེད། དེ་བས་མ་འོངས་པར་སྲིད་སྐྱོང་སུ་ཁེལ་བ་ཡིན་ནའང་མི་མང་གིས་རྒྱབ་སྐྱོར་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་དང་། འོས་བསྡུའི་སྐབས་སོ་སོའི་རྒྱབ་སྐྱོར་བྱེད་ས་ལ་རྒྱབ་སྐྱོར་བྱས། རྒྱབ་སྐྱོར་མི་བྱེད་ས་ལ་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་པའི་ཐོག་ནས་སྐད་འཕྲིན་དང་དྲ་རྒྱ་ནང་ལ་འཁྲུག་པ་ཤུགས་ཆེན་པོ་རྒྱག་གི་ཡོད་ས་རེད། ཁ་ཤས་ཀྱིས་དངོས་སུ་ཐུག་ནས་འཁྲུག་པ་བརྒྱབ་ཡོང་ཟེར་བ་སོགས་ཀྱང་ཡོང་གི་ཡོད་ས་རེད། དེ་རིགས་ལ་ངེས་པར་གཟབ་གཟབ་གནང་རོགས། དངོས་སུ་ཐུག་པ་པ་ཡིན་ནའང་གཉིས་ཆ་བོད་པ་རེད། ནང་འཁྲུག་བརྒྱབ་པ་ཡིན་ན་ཞབས་འདྲེན་མ་རེད་དམ། ཅེས་སོགས་གསུང་སོང་།
མཐར་སྲིད་སྐྱོང་མཆོག་གིས་ཁོང་གིས་མ་འོངས་པའི་ལས་འཆར་ཁག་མི་མང་ལ་ངོ་སྤྲོད་དང་། དབུ་མའི་ལམ་གྱི་དམིགས་ཡུལ་ངོ་སྤྲོད། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྒན་པ་རྣམས་ལ་དགོངས་པ་ཞུས་འགྲོ་ཡི་ཡོད་ཚུལ་དང་། བཀའ་བློན་ཁག་ལ་བཀའ་བློན་གྱི་དབང་ཚད་མེད་པའི་གནས་ཚུལ་ཁག་ཅིག་གླེང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་མ་ཡིན་པ་སོགས་ཀྱི་གསལ་བཤད་གནང་གྲུབ་རྗེས། མི་མང་གིས་ཐད་གར་དྲི་བ་དྲིས་ལན་སོགས་གནང་སོང་། གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སམས་རགས།