སོ་ལོ་ཐོན་ནས་རྫི་རིག་བར་དུ་ཞི་བའི་གོམ་བགྲོད་འགོ་བཙུགས་འདུག

Peace march from Soluthurn to Zurich 30 Oct 2012

སུད་སིའི་ས་གནས་སོ་ལོ་ཐོན་བོད་རིགས་ཐུན་ཚོགས་ཀྱིས་བཀོད་སྒྲིག་འོག་བོད་མི་བཅུ་བཞིའི་ཞི་བའི་གོམ་བགྲོད་ཅིག་ཟླ་འདིས་ཚེས ༣༠ ཉིན་སོ་ལོ་ཐོན་ནས་འགོ་འཛུགས་གནང་འདུག  གོམས་བགྲོད་འདི་ནི་ས་གནས་སོ་ལོ་ཐོན་གྱི་བོད་རིགས་ཐུན་ཚོགས་ཀྱི་ངོས་ནས་བཀོད་སྒྲིག་གིས་སུད་སིའི་གྲོང་ཁྱེར་རྫི་རིག་བར་དུ་འགྲོ་རྒྱུ་ཡིན་པའི་གོམ་བགྲོད་ཅིག་རེད་འདུག

གནས་ཚུལ་མཁོ་སྤྲོད་པས་ཁ་པར་བརྒྱུད་ཁོ་རང་ཚོའི་ལས་འགུལ་དེའི་དམིགས་ཡུལ་སོགས་རྒྱུས་ལོན་བྱས་པར། ས་གནས་བཀོད་སྒྲིག་པ་བསོད་ནམས་དར་རྒྱས་ལགས་ཀྱི་ངོ་སྤྲོད་གནང་དོན། ང་ཚོ་ཕྱི་སྡོད་བོད་མི་ཞིག་གི་ངོས་ནས་གོམ་བགྲོད་ཅིག་གོ་སྒྲིག་ཅིག་བྱས་པ་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ད་ལྟའི་ཆར་བོད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་བཅུས་རང་ལུས་མེ་བསྲེགས་ཀྱི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་དང་། རྒྱ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་བྱས་དགོས་པ་སོགས་ཀྱི་ཛ་དྲག་གི་གནས་སྟངས་འདི་སེམས་ཀྱི་མ་བཟོད་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ཡིན་ལ། ང་ཚོས་ལས་འགུལ་འདི་དག་བརྒྱུད་དཔའ་བོ་དཔའ་མོ་ཚོས་རང་སྲོག་བློས་བཏང་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རོགས་རམ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།

ཡང་ཁོང་གི་མུ་མཐུད་དུ་གསུང་དོན་ཕྱོགས་གཞན་ཞིག་ནས་བདེན་པའི་མེ་ལྕེ་དེ་བཞིན་ཡོ་རོབ་ཏུ་བསྐོར་སྐྱོད་བྱེད་པའི་དུས་རེད་ལ། སྤྱི་ཟླ་བཅུ་གཅིག་པའི་ཚེས་༡ ཉིན་སུད་སིའི་གྲོང་ཁྱེར་རྫི་རིག་ཏུ་འབྱོར་གྱིན་ཡོད་པ་རེད། ང་ཚོས་སོ་ལོ་ཐོན་ནས་རྫི་རིག་བར་ཏུ་ཡུལ་མི་ཚོར་བོད་ཀྱི་ད་ལྟའི་གནས་སྟངས་ངོ་སྤྲོད་དང་ས་ཡིག་བསྡུ་རུབ་ཀྱི་བདེ་པའི་མེ་ལྕེ་ཞེས་པའི་ལས་འགུལ་ལ་རྒྱབ་སྐྱོབ་ཀྱི་རྣམ་པ་མཚོན་བྱེད་ཡིན་པ་ཡང་བརྗོད་བྱས་སོང་།

གནས་ཚུལ་མཁོ་སྤྲོད་པས་ཡང་བསྐྱར་ཁོང་རྣམ་པའི་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་ཅི་ཙམ་ཡོད་མེད་དང་ལམ་བར་གྱི་དཀའ་ངལ། ལམ་ཐག་རིང་ཐུང་སོགས་དྲིས་པའི་ལན་དུ་ཁོང་གིས་ངོ་སྤྲོད་གནང་དོན། སྤྱིར་ལས་འགུལ་ལ་ཞུགས་མཁན་ཁྱོན་སྡོམ་མི་གྲངས་༤༠ ལྷག་ཅིག་ཡོད་མོད། ཡིན་ན་ཡང་ལམ་བར་དུ་ཉལ་ས་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད་སྟབས་མི་བཅུ་བཞི་འགྲོ་དགོས་བྱུང་བ་རེད། ས་གནས་འདི་གཉིས་ཀྱི་བར་དུ་ལེ་བར་ཀེ་ལོ་མེ་ཊྲར་༦༤ འདུག་ལ་ང་ཚོའི་དམིགས་ཡུལ་ཉི་མ་གསུམ་གྱི་ནང་དུ་རྫི་རིག་ཏུ་འབྱོར་ཐུབ་རྒྱུ་བྱེད་ཀྱིན་ཡོད། ལམ་བར་དུ་གནམ་གཤིས་གྲང་རུ་སོང་བ་དང་ཁ་བ་བབས་ཡོད་པས་གོམ་བགྲོད་པ་རྣམས་ལ་དཀའ་ངལ་ལྷག་མ་ཞིག་འཕྲད་ཀྱིན་པ་འགྲེལ་བརྗོད་གནང་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།