སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་དྲུག་བརྒྱའི་རྗེས་དྲན་ནམ་དགའ་ལྡན་ལྔ་མཆོད་ཆེན་མོའི་མཆོད་འབུལ།

ཕྱི་ལོ་༢༠༡༩ཟླ་བ་༡༢ཚེས་༢༡ཉིན་སུད་སི་དང་ལེག་ཏེན་སི་ཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་ནས་ལོ་ལྟར་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་དགའ་ལྡན་མཆོད་ཆེན་མོའི་མཆོད་འབུལ་སོགས་གོ་སྒྲིགས་ཞུ་ཡི་ཡོད་པ་བཞིན། འདི་ལོ་ཡང་དམིགས་གསལ་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་སྟེ་ལོ་དྲུག་བརྒྱའི་རྗེས་དྲན་མཆོད་འབུལ་གཟབ་རྒྱས་ཞིག་ཚོགས་གནང་སོང་།

གོང་ཚེས་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག བླ་སྤྲུལ་དགེ་བཤེས་རྣམས་དང་།ཡོ་རོབ་སྤྱི་འཐུས།སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གི་ཚོགས་གཙོས་དབུས་ས་གནས་འཐུས་མི་དང་།མི་མང་བཞི་བརྒྱ་ལས་ལྷག་པ་མཉམ་འཛོམས་ཐོག ཐོག་མར་ས་གནས་སློབ་ཕྲུག་ཚོར་མཁན་རིན་པོ་ཆེ་དང་།སེར་བྱེས་ནང་པའི་རིག་གཞུང་ཁང་གི་ཆོས་དགེ་དགེ་བཤེས་པད་དབྱངས་ལགས་རྣམ་གཉིས་ནས་དགའ་ལྡན་ལྔ་མཆོད་ཀྱི་ངོ་སྤྲོད་དང་།དམིགས་བརྩེ་མ་སྐྱོར་སྟངས་སོགས་ཆུ་ཚོད་གཉིས་ཙམ་བསླབས་གནང་པ་དང་།དེ་རྗེས་སློབ་ཕྲུག་དང་ཕ་མར་ཉིན་གུང་ཞལ་ལག་ཕུལ་རྗེས་མི་མང་གི་མཛད་སྒོ་དབུ་ཚུགས་གནང་སོང་།

སྐབས་དེར་མཁན་རིན་པོ་ཆེས་དབུས་བླ་སྤྲུལ་དགེ་བཤེས་རྣམས་དང་།སྤྱི་འཐུས།བོད་རིགས་མི་མང་ཚོགས་གཙོ།སེར་བྱེས་ནང་པའི་རིག་གཞུང་ཁང་གི་ཚོགས་གཙོ་ཚོགས་གཞོན་ནས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུ་དང་མཎྚལ་རྟེན་གསུམ་འདེགས་འབུལ་ཞུས།སེར་བྱེས་ནང་པའི་རིག་གཞུང་ཁང་གི་ཚོགས་གཙོ་དོན་གྲུབ་ལགས་ནས་མི་མང་ལ་འཚམས་འདྲིའི་གཏམ་བཤད་དང་། དགེ་བཤེས་པད་དབྱངས་ལགས་ནས་ཆོས་ཚོགས་ངོ་སྤྲོད་ཀྱི་བཀའ་སློབ་གནང་རྗེས་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་ཏེ་ཚོགས་དབུ་འཛུགས་གནང་།དེ་རྗེས་ཐུག་པ་དམ་བཅའ་དང་།རི་ཀོན་མཁན་རིན་པོ་ཆེས་མང་ཚོགས་ལ་བཀའ་སློབ་གནང་བ་མ་ཟད།སེར་བྱེས་ནང་པའི་རིག་གཞུང་ཁང་གི་རྒྱུན་ལས་ཚོས་འབྲེལ་ཡོད་དད་སྦྱིན་ཁག་ཅིག་ལ་ཡི་རང་བསྔགས་བརྗོད་ཀྱི་ཕྱག་འཁྱེར་ཞིག་ཀྱང་འཕུལ་ཏེ་ཚོགས་འཇུག་བསྡུ་དང་།མི་མང་རྣམ་ནས་ཕྱག་ཏུ་མཆོད་མེ་དང་།ཞལ་ནས་དམིགས་བརྩེ་མ་འདོན་བཞིན་དགོན་པར་ཞབས་བསྐོར་གྲུབ་རྗེས་ཞལ་ལག་ཐུག་པ་བག་ཐུག་མཆོད་ནས་མཛད་སྒོ་ལེགས་གྲུབ་གནང་སོང་།

གསར་འགོད་པ་རྫ་བཀྲ་ཤིས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།