སུད་སིར་མང་གཙོའི་དུས་དྲན་སྲུང་བརྩི།

དེ་རིང་ཕྱི་ལོ ༢༠༡༣ ལོའི་ཟླ ༨ ཚེས་ ༣༡ ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སི་ས་གནས་རི་ཀོན་སློབ་གྲྭའི་ཚོགས་ཁང་ཆེན་མོར་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་མི་ལོ་ཧྲིལ་བོ་ ༥༣ འཁོར་བའི་དུས་དྲན་མཛད་སྒོ་རྒྱས་པ་ཞིག་སྔ་བསྣུར་གྱིས་འཚོགས་གནང་ཡོད་འདུག

གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩/༡༥ ཐོག་སུད་སི་ས་གནས་རི་ཀོན་མི་མང་ཚོགས་ཁང་དུ་སྤྱི་སྨན་དགོངས་འཆར་དང་དྲི་བ་དྲིས་ལན་གྱི་ལས་རིམ་མི་མང་ཚོགས་གཙོ་མཆོག་ནས་གུས་བསུའི་འཚམས་འདྲི་བཅས་གནང་བ་དང་། བགྲོ་གླེང་བཀའ་འདྲི་གནང་ཡུལ་སུད་སི་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་དང་། མི་མང་ཚོགས་གཙོ་གང་གཞོན་ཚང་བློ་ཟང་ལགས། མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས། བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་ལགས། ཟློས་གར་སྤྱི་ཁྱབ་འགན་འཛིན་ཙར་མ་བསྟན་འཛིན་ལགས། དང་བླང་དཔྱ་ཁྲལ་དང་གསར་འཕྲིན་དྲ་རྒྱའི་འགན་འཛིན་འཐུས་མིའི་རྒྱུན་ལས་སྐུ་ཚབ་མགོན་པོ་ཚེ་བརྟན་ལགས་བཅས་སུ་མི་མང་གིས་བོད་དོན་དང་འབྲེལ་བའི་དྲི་བ་དྲི་ལན་གནང་མི་མི་གྲངས་བཅུ་གསུམ་ཙམ།

ཆུ་ཚོད་ ༡༣་ ༣༠ ཐོག་རི་ཀོན་སློབ་གྲྭའི་ཚོགས་ཁང་ཆེན་མོའི་ནང་མི་མང་ཚང་འཛོམས་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེ་དང་ཟློས་གར་བའི་རྔ་གླིང་བཅས་སྐུ་མགྲོན་རྣམས་ནས་ཚོགས་ཁང་དུ་གདན་འདྲེན་ཞུས་ཤིང་། མཁན་རིན་པོ་ཆེ་དབུས་དགེ་འདུན་རྣམས་ནས་རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་། མི་མང་ཚོགས་གཙོ་མཆོག་དང་ཚོགས་གཞོན་བཅས་གཙོས་བའི་མཐུས་མི་རྒྱུན་ལས་ཁག་ཅིག་གིས་སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། དེ་བཞིན་རྩིས་ཞིབ་པས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་རྩིས་ཞིབ་སྙན་ཐོ་བཅས་མི་མང་ལ་སྙན་སྒྲོན་ཞུས།

ཆུ་ཚོད་ ༡༤ ཐོག་སུད་སི་སྐུ་ཚབ་དོན་གཅོད་མཆོག་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་ཐུབ་བསྟན་ལེགས་སྨོན་མཆོག ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག སྐུ་མགྲོན་གཙོ་བོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་བཅས་ནས་རིམ་བཞིན་མི་མང་ལ་བཀའ་སློབ་གཟབ་རྒྱས་སྩལ་གནང་བ་དང་། བཀའ་ཟུར་མཆོག་ལ་ཐུགས་རྗེ་ཆེ་ཞུས་མཇལ་དར་སོགས་ཕུལ། དེ་བཞིན་ཆོལ་ཁ་གསུམ་གྱི་རིག་གཞུང་འཁྲབ་སྟོན་གཟབ་རྒྱས་གནང་། ༧གོང་ས་མཆོག་གི་གལ་ཆེའི་བཀའ་སློབ་བརྙན་འཕྲིན་ཕྱོགས་བསྡུས་ཤིག་གཟིགས་འབུལ། དགོང་དྲོའི་གསོལ་ཚིགས་རྗེས་བོད་རིགས་མི་མང་ཟློས་གར་ཚོགས་པའི་གཟིགས་མོའི་ལེ་ཚན་ཁག མཇུག་ཏུ་ནེ་ལུང་ཚེ་རི་སྟོབས་ལྡན་ལགས་ནས་སྣེ་འཁྲིད་མང་ཚོགས་ནས་སྤྲོ་སྣང་འཕེལ་བའི་སྒོར་གཞས་སོགས་འཁྲབ་ནས་མང་གཙོའི་དུས་དྲན་ཐེངས་ ༥༣ པའི་མཛད་རིམ་ཡོངས་སུ་མཇུག་བསྡུ་གནང་སོང་བའི་གནས་ཚུལ་རོབ་བསྡུས་སུ། ཙ་ཡུལ་ཕུན་ཚོགས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སམས་རགས།