སུད་སིར་དུས་འཁོར་རྗེས་དྲན་མཆོད་འབུལ་གཟབ་རྒྱས་ཞུས་པ།

༄།  ཕྱི་ཟླ་  ༧  ཚེས་ ༢༢ རེས་གཟའ་ཟླ་བའི་ཞོགས་པ་ཆུ་ཚོད་ ༩/༣༠  ནས་རི་ཀོན་ཆོས་འཁོར་དགོན་གྱི་རྟེན་དྲུང་སྤྱན་སྔར་མཆོད་སྤྲིན་བརྒྱ་ཚར་གསོལ་ཚོགས་རྒྱས་བཤམས་དང་བཅས་སུད་སི་དང་།  ལེཀ་ཏེན་སིཊཡན་བོད་རིགས་མི་མང་ནས་དུས་དབང་རྗེས་དྲན་ཐེངས་ ༢༨  པ་གཟབ་རྒྱས་གོ་སྒྲིག་གནང་སོང་།  དགོན་པའི་མཁན་རིན་པོ་ཆེས་དབུས་དགེ་འདུན་གྱི་སྡེ།  ཡུ་རོབ་སྤྱི་ཟུར་རྣམ་པ།  མི་མང་ཚོགས་གཙོ་སྦྲེལ་པོའི་དབུས་འཐུས་མི་དང་མི་མང་བརྒྱ་སྐོར་ཞིག་འདུ་འཛོམས་བྱུང་འདུག  ཐོག་མར་ཚོགས་གཞོན་བསམ་པ་ལགས་ནས་གུས་བསུ་དང་བཅས་ངོ་སྤྲོད་གནང་དོན།   ད་རིང་ ༡༩༨༥ ཕྱི་ཟླ་  ༧  ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མངའ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཅུ་པ་བཀྲིན་ཟབ་མོ་སྩལ་བས་རྗེས་དྲན་མཆོད་འབུལ་ཞུ་བ་དང་ཆབས་ཅིག  བོད་ཀྱི་ཛ་དྲག་གནས་བབ་དང་བཅས་ལྷག་བསམ་སྙིང་སྟོབས་ཅན་གྱི་དཔའ་བོ་དཔལ་མོ་  ༡༢༠ སྐོར་གྱི་རང་ལུས་མེར་བསྲེག་བཏང་པ་རྣམས་ལ་བསྔོ་སྨོན་གསོལ་འདེབས་ཞུ་རྒྱུ།  དེ་མཚུངས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ཉིན་ཁམས་རྟའུ་ཉ་མཚོ་དགོན་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་བོད་རིགས་མང་པོར་རྨས་སྐྱོན་ཕོག་ཡོད་པ་བཅས་ཀྱི་ཆེད་དུའང་ཐུགས་སྨོན་གནང་གལ་གསུངས།  མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་ནས།  འདི་གའི་བོད་རིགས་རྣམས་ནས་དགེ་སེམས་ཀུན་ནས་བླང་སྟེ་དུས་དབང་གོ་སྒྲིག་ཞུས་པ་དང་།  དེ་བཞིན་གནས་མཆོག་རྡོ་རྗེ་གདན་སོགས་ལའང་དགེ་སྦྱོར་བསྙེན་བཀུར་ཞུས་དང་ཞུ་བཞིན་བཅས་ལ་བསྔགས་བརྗོད་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།  གལ་གནད་ཆེ་ཤོས་ནི་ཉམས་ལེན་ཐོག་འབད་འབུངས་གནང་དགོས་པ།  དེ་ཡང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་རྒྱུད་ལ་སྐྱེ་ཐབས་སོགས་རང་ནུས་གང་ཐུབ་ཡོང་བ་མ་ཟད།  ལྷ་རབས་དུས་འཁོར་བླ་མའི་རྣལ་འབྱོར་གསུང་འདོན་དགོས་པ་དང་མ་ཐར་ཡང་གཟུངས་བསྔགས་འདྲེན་དགོས་པའི་དགེ་བསྐུལ་གནང་།  བོད་ཀྱི་ཛ་དྲག་གནས་བབ་དང་བཅས་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༢༠  སྐོར་ནས་རྒྱ་གཞུང་གི་ནོར་ཚབས་མཁྲེག་བཟུང་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་སྲོག་བློས་གཏོང་གནང་བ་རྣམས་དལ་རྟེན་རིམ་བརྒྱུད་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་ཅན་དུ་མི་ལུས་འཐོབ་ནས་བདེ་སྐྱིད་མཉམ་སྤྱོད་ཡོང་བའི་ཐུགས་སྨོན་འཚམས་སྦྱོར་ཡང་གནང་།  ང་ཚོའི་སྒྲིག་འཛུགས་འདི་གཞུང་འབྲེལ་ཡིན་པ་དང་ཚོགས་གཙོ་རྣམ་གཉིས་དབུས་འཐུས་མི་རྣམས་ནས་ཧུར་ཐག་གནང་གི་འདུག་པ་བཞིན་མང་ཚོགས་ནས་ཀྱང་ཆེ་མཐོང་གུས་བཀུར་དང་རྒྱབ་སྐྱོར་གནང་བ་ཡིན་ན་དེ་ལས་ལྷག་པ་ཞུ་རྒྱུ་མེད་ཅེས་སོགས།  གོ་སྒྲིག་གནང་མི་ས་གནས་ཚོགས་ཆུང་ཕི་ལཱ་ཝིལ།  ཧོར་གྷན།  སང་གྷ་ལན་བཅས་ནས་གསོལ་ཇ་འབྲས་སིལ་དང་ཉིན་དགུང་དཀར་སྐྱོང་གསོལ་ཚིགས་གཟབ་རྒྱས་གོ་བསྒྲིགས་གནང་འདུག  མཇུག་བསྡོམས་གང་གཞོན་ཚང་བསྟན་འཛིན་ཀུན་བཟང་ལགས་ནས་ཞལ་འདེབས་གནང་མིའི་མཚན་ཐོ་སྒྲོག་སྦྱང་དང་ཐུགས་རྗེ་ཆེ་ཞུས་སོང་བའི་གནས་ཚུལ་ཕྱོགས་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སམས་རགས།