སུད་སིར་གནས་སྡོད་བོད་ཀྱི་ཕ་ཡུལ་གཅིག་པ་རྣམས་ལ་མཁོ་བའི་གནད་དོན་ཁ་ཤས།

༡༽ ཕྱི་ལོ་ ༢༠༡༩ ཟླ་བ་དང་པོའི་ཚེས་གཅིག་ནས་ཟུང་ལོ་རེའི་རླུང་འཕྲིན་དང་ཊི་ཝི་བེད་སྤྱོད་འདུ་ཁྲལ་ད་ཡོད་ཁྱིམ་ཚང་རེར་སུད་སྒོར་ ༤༦༢་༥༠ ནས་སུད་སྒོར་ ༣༦༥་༠༠ ལ་གཅོག་གཏན་འཁེལ་བའི་གཞུང་འབྲེལ་རྒྱལ་ཡོངས་ཁྱབ་བསྒྲགས་གནང་ཟིན་སོང་།

 

༢༽ སུད་སིའི་ཡུལ་མིའི་ཐོབ་ཐང་ཁྲིམས་ཡིག་བསྐྱར་བཅོས་བཏང་བ་ལྟར་ན་ཕྱི་ལོ་༢༠༡༨ ཟླ་བ་དང་པོའི་ཚེས་གཅིག་ནས་ཟུང་ཕྱི་མི་སུ་རུང་སུད་སིའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུར་གཤམ་གསལ་ཆ་རྐྱེན་ངེས་པར་ཚང་དགོས་པ་ཁྱབ་བསྒྲགས་གནང་ཟིན་འདུག

ཀ- གཏན་སྡོད་ཆོག་མཆན་ཡོད་མཁན་(Niederlassung ‘C’)

ཁ- སུད་སིར་ཉུང་མཐར་ལོ་ ༡༠ བསྡད་ཡོད་པ། གཞོན་ནུ་ལོ་ ༨-༡༨ དབར་ཡིན་པ་རྣམས་སྡོད་ཡུན་ལོ་གྲངས་གང་ཡིན་པ་གཉིས་ལྡབ་དང་སྐྱབས་བཅོལ་བ་སོགས་འཕྲལ་སེལ་གནས་སྡོད་ཆོག་མཆན་ཡོད་རིགས་རྣམས་ཀྱི་སྡོད་ཡུན་ལོ་གྲངས་གང་ཡིན་པ་དེའི་ཕྱེད་ཀ་བཅས་ངེས་པར་དགོས་པའི་སྡོད་ཡུན་ལོ་ ༡༠ ཚང་ཆེད་ཁ་སྐོང་དུ་སྡོམ་ཆོག་པའི་ཆ་རྐྱེན་ཡང་འདུག

ག- ཡུལ་མིའི་སྤྱི་ཚོགས་ནང་འདྲེས་ཐུབ་མཁན་དཔེར་ན། ཡུལ་སྐད་གཅིག་ཁུངས་འཁྱོལ་བ་ཤེས་ནས་སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལམ་རྒྱལ་ཁབ་ཀྱི་རྩ་་ཁྲིམས་ལ་སྲུང་རྩི་བྱ་ཐུབ་པ།  རྒྱལ་ཁབ་ཀྱི་དཔལ་འབྱོར་དང་། ཡང་ན་ཤེས་ཡོན་སྦྱོང་བརྡར་གྱི་ལས་ཁོངས་སུ་ཞུགས་ནས་རང་དང་བཟའ་ཟླ་བུ་ཕྲུག་བཅས་སྤྱི་ཚོགས་ནང་འདྲེས་ཐུབ་ཐབས་བྱེད་མཁན།

ང- སྡོད་གནས་ས་ཁུལ་ནང་གི་མང་ཚོགས་ཀྱི་མི་ཚེའི་གནས་སྟངས་ཐོག་རྒྱུས་ཡོད་པ་དང་སུད་སིའི་ཕྱི་དང་ནང་གཉིས་ཀའི་བདེ་འཇགས་ལ་ཉེན་ཁ་བཟོ་མི་ཆོག་པ་སོགས་གསལ་འདུག

ཅ- ཁྱོ་ག་ཡང་ན་སྐྱེ་དམན་གང་རུང་ཞིག་སུད་སིའི་མི་སེར་ཞིག་གི་མཉམ་དུ་ཆང་ས་རྒྱབ་ཡོད་ན་སུད་སི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རྒྱུར་སུད་སིར་ལོ་ལྔ་བསྡད་ཡོད་པ་དང་ཆང་ས་རྒྱབ་ནས་ཉུང་མཐར་ལོ་གསུམ་སོང་བའི་ཆ་རྐྱེན་ཚང་དགོས་འདུག ཡུལ་སྐད་ཤེས་དགོས་པའི་ཡིག་ཚད་གཏོང་མི་དགོས་ཀྱང་ཡུལ་མིའི་སྤྱི་ཚོགས་ནང་འདྲེས་ཐུབ་པ། སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལམ། རྒྱལ་ཁབ་ཀྱི་རྩ་་ཁྲིམས་ལ་སྲུང་རྩི་བྱ་ཐུབ་པ། སུད་སིའི་ཕྱི་ནང་གཉིས་ཀའི་བདེ་འཇགས་ལ་ཉེན་ཁ་མི་བཟོ་བ་བཅས་གསལ་འདུག

 

ཆ- དོན་ཚན་ཅ་པའི་ནང་གསལ་གང་ཟག་དེའི་སྔོན་ལ་ཆང་ས་བརྒྱབ་པ་ལ་བརྟེན་ནས་བྱུང་བའི་ཕྲུ་གུ་ལོ་ ༡༨ མ་ཟིན་པ་གང་ཡོད་པ་རྣམས་ལའང་དུས་མཉམ་སུད་སི་ཡུལ་མིའི་ལག་འཁྱེར་སྤྲོད་ཀྱི་ཡོད་འདུག

 

༣༽ རྒྱ་གར་ལ་འགྲོ་དུས་ཉེ་ཆར་བར་དུ་རྒྱ་གར་གཞུང་ཚབ་ནས་ལས་འཁུར་བོགས་མར་བཏང་བའི་སྒེར་པའི་ལས་ཁུངས་འགའ་ཤས་བརྒྱུད་ནས་དཀའ་རྙོག་ཆེན་པོའི་ ངང་ནས་ལས་གླ་དང་སྦྲག་གླ་སོགས་བསྡོམས་སུད་སྒོར་ ༡༡༠-༠༠ ནས་  ༡༢༠-༠༠ དབར་སྤྲད་ནས་འཛུལ་ཞུགས་ཆོག་མཆན་ལེན་དགོས་པ་མཁྱེན་གསལ་ཡིན་ནའང། གནས་ཚུལ་ཡག་པོ་ཞིག་ལ་འདི་ལོའི་ལོ་འགོ་ནས་བཟུང་སུད་སིའི་མི་སེར་ལག་ཁྱེར་ཡོད་མཁན་ཚོར་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་དྲ་རྒྱའི་ནང་འཛུལ་ཞུགས་ཆོག་མཆན་གྱི་སྙན་ཞུའི་འགེང་ཤོག་ཐད་ཀར་བརྒྱང་སྟེ་འགྲོ་མིའི་དཔར་དང་ཕྱི་སྐྱོད་ལག་ཁྱེར་བཅས་ཀྱི་ངོ་ཤུས་སྙན་པར་བཅས་མཉམ་འཇུག་བྱས་ཚར་བ་དང་། ལམ་སེང་ཀེ་རས་ཌི་ཀརཌ་ཐོག་ལས་གླ་ཨ་སྒོར་ ༥༠-༠༠ སྤྲད་ཚར་བ་དང་ལྟ་སྐོར་འཛུལ་ཞུགས་ཆོག་མཆན་(Tourist Visa) འཁྲོལ་བའི་ཡིག་ཆ་ལམ་སེང་དྲ་རྒྱ་དེ་གའི་ནང་འབྱོར་གྱི་ཡོད་འདུག  ཆོག་མཆན་འཁྲོལ་བའི་ཡིག་ཆ་དེ་ཤོག་དཔར་རྒྱབ་སྟེ་ཐོན་སའི་གནམ་ཐང་དུ་སྟོན་རྗེས་རྒྱ་གར་འབབ་འབྱོར་གནམ་ཐང་དུ་སྤྱན་བསྟར་བྱས་རྗེས་འཛུལ་ཞུགས་ཆོག་མཆན་དངོས་གཞི་དེ་རྒྱ་གར་ནང་དུ་ཐེངས་གཉིས་འཛུལ་ཞུགས་བྱས་སྟེ་བསྡོམས་ཉི་མ་ ༦༠ སྡོད་ཆོག་པའི་ཆོག་མཆན་སྤྲོད་ཀྱི་ཡོད་འདུག རྒྱ་གར་གཞུང་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་དྲ་རྒྱའི་ཁ་བྱང་ངོ་མ་གཤམ་དུ་འཁོད་པ་དེ་མ་གཏོགས་སྒེར་པ་ཁེ་སང་བཟོ་མཁན་གྱི་ལས་ཁུངས་མིང་བྱངའདྲ་པོ་ཡོད་པ་མང་ཙམ་ཡོད་ལ་དེ་རིགས་དང་མ་ནོར་བ་ཐུགས་སྣང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པས་དེ་རྩིས་དགོངས་འཇགས་གནང་དགོས།

     https://indianvisaonline.gov.in/evisa/tvoa.html

 

འོར་པ་རིག་འཛིན་རྡོ་རྗེ་ནས་ཕབ་སྒྱུར་ཕྱོགས་སྒྲིག་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།