སུད་སིའི་ནང་ཏོག་དབྱིབས་ནད་དུག་གི་ནད་པ་བྱུང་ཡོད་འདུག

དེ་རིང་སྤྱི་ཟླ་༢ ཚེས་༢༥་ཉིན་BBC དང་སུད་སིའི་གསར་ཁང་གྲགས་ཅན་Blick སོགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། སུད་སིའི་ལྷོ་ཕྱོགས་མངའ་སྡེ་ཐེ་སིནTessin ནང་ཏོག་དབྱིབས་ནད་དུག་ཕོག་མཁན་ཐོག་མ་དེ་ངོས་འཛིན་ཐུབ་ཡོད་འདུག

དེ་རིང་སུད་སི་འཕྲོད་བསྟེན་བློན་ཆེན་ཨ་ལེན་བྷེར་སེ་ཏི (Alain Berset ) ལགས་ཆེད་དུ་ཨེ་ཊ་ལི་དང་འདབས་འབྲེལ་དུ་ཆགས་པའི་མངའ་ཐེ་སིན་ནང་གཟིགས་སྐོར་དུ་ཕེབས་ཏེ་ཏོག་དབྱིབས་ནད་དུག་གི་གནས་ཚུལ་ཞིབ་འཇུག་སྙན་ཐོ་སུད་སིའི་གཞུང་ལ་ཕུལ་ཡོད་པ་དང་། སུད་སི་གཞུང་གིས་ཕྱི་དྲོ་ཆུ་ཚོད་༥ ཐོག་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ནང་། ཐེངས་འདིའི་ཏོག་དབྱིབས་ནད་དུག་ཕོག་མཁན་ཐོག་མ་དེ་ནི་མངའ་སྡེ་ཐེ་སིན་ནང་གནས་སྡོད་ལོ་ན་༧༠་ཅན་ཞིག་ཡིན་པ་དང་། ནད་པ་འདི་ཨེ་ཊ་ལི་རུ་ཏོག་དབྱིབས་ནད་དུག་ཕོག་བཞིན་པའི་གྲངས་འབོར་ཇེ་མང་འགྲོ་བཞིན་པ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

སུད་སི་དང་ཨེ་ཊ་ལི་བར་ཉིན་ལྟར་མི་གྲངས་ཁྲི་ ༦  ནས་༨ འགྲོ་འོང་བྱེད་ཀྱིན་ཡོད་པ་དང་། འགྲོ་འོང་དེ་བཀག་སྡོམ་མ་བྱས་པར་ཐེངས་འདིའི་ནད་དུག་གང་མགྱོགས་སུད་སིའི་ནང་རྒྱ་ཁྱབ་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། སུད་སིའི་ཐེ་སིན་མངའ་སྡེ་ཡོངས་སུ་བཀག་སྡོམ་བྱ་འཆར་དང་། མངའ་སྡེ་དེའི་ནང་འཚོག་འཆར་ཡོད་པའི་དགོངས་ཚོགས ( Concert ) དང་དུས་ཆེན་མཛད་སྒོ། རྐང་རྩེ་སྤོ་ལོ་རྩེ་འགྲན་སོགས་ཀྱི་བྱེད་སྒོ་ཁག་གནས་སྐབས་མཚམས་འཇོག་བྱ་རྒྱུ་དང་། སློབ་ཕྲུག་གི་གྲངས་འབོར་མང་པའི་སློབ་ཆེན་ཁག་ཁ་ཤས་ཀྱང་གནས་སྐབས་སློབ་མཚམས་འཇོག་དགོས་པའི་གནས་ཚུལ་འབྱུང་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་འདུག ལྷག་དོན་སུད་སི་མི་མང་རྣམས་ལས་དོན་ཛ་དྲག་མེད་ཚེ་ཨེ་ཊ་ལིའི་ས་མཚམས་ཁུལ་སྤྱི་དང་། མི་མང་འདུས་སྡོད་ཤུགས་ཆེར་བྱེད་ས་སོགས་ལ་མི་འགྲོ་རྒྱུར་རེ་སྐུལ་གནང་གི་ཡོད་འདུག གནས་ཚུལ་རྒྱས་པ་དུས་ལྟར་སུད་སིའི་འཕྲོད་བསྟེན་ལས་ཁང་གི་བརྡ་ཁྱབ་སོགས་ལ་དོ་སྣང་དགོས་པའི་འབོད་སྐུལ་ཀྱང་གནང་གི་ཡོད་འདུག

 

ཉེ་བའི་བདུན་ཕྲག་སྔོན་མ་ནས་ཨེ་ཊ་ལི (Italy ) རུ་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་ནད་པ་གྲངས་༢༨༠ ཙམ་ངོས་འཛིན་ཐུབ་ཡོད་པ་དང་། དེའི་ཁྲོད་མི་༧ འདས་གྲོངས་སུ་གྱུར་ཡོད་འདུག་པས། གནད་དོན་འདི་ནི་ཡུ་རོབ་སྤྱིའི་ཛ་དྲག་གི་གནས་ཚུལ་ཤུགས་ཆེ་ཤོས་ཤིག་ལ་ངོས་འཛིན་ཐོག གཟའ་ཟླ་བར་འཇར་མན་དང་། ཧྥི་རན་སི། ཨེ་ཊ་ལི། སུད་སི་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཛ་དྲག་གི་ཚོགས་འདུ་ཚོགས་ཏེ་ཐེངས་འདིའི་ཏོག་དབྱིབས་ནད་དུག་ལ་གདོང་ལེན་བྱེད་ཕྱོགས་གྲོས་བསྡུར་གནང་ཡོད་འདུག

 

གསར་འགོད་པ།   ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སམས་རགས།