སུད་སི་ས་གནས་ལུ་རྫན་བོད་སློབ་ཀྱི་སྐོར་ལ་བཅར་འདྲི།

ས་གནས་ལུ་རྫན་བོད་སློབ་འགན་འཛིན་ངག་དབང་དཔལ་ལྡན་ལགས་སུ་ས་གནས་བོད་སློབ་སྐོར་བཅར་འདྲི།

དྲི་བ། ཁྱེད་རང་ཚོའི་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭ་ག་དུས་དབུ་བཙུགས་པ་དང་།ད་ལྟ་སློབ་ཕྲུག་ག་ཚོད་ཡོད།
ལན།ཐོག་མར་སུད་སི་གསར་འཕྲིན་ངོས་ནས་ང་ལ་བཅར་འདྲི་གནང་བར་བཀའ་དྲིན་ཆེ། ལུ་རྫན་ས་བོད་ཡིག་སློབ་གྲྭ་འདི་ཉིད་།ཕྱི་ལོ་༢༠༠༦ལོར་དབུ་ཚུགས་པའི་སུད་སི་ས་གནས་བོད་ཡིག་སློབ་གྲ་ཞིག་ཡིན།ད་ལྟའི་ཆར་སློབ་པྲུག་གྲངས་༢༩ ཡོད།རེས་གཟའ་སྤེན་པ་དང་ལྷག་པ་གཉིས་ལ་སློབ་གྲ་འཚོག་བཞིན་ཡོད།

དྲི་བ།གཟའ་མཇུག་བོད་ཡིག་སློབ་གྲྭར་དམིགས་བསལ་གྱི་དཀའ་ངལ་ཅི་ཞིག་ཡོད་དམ།
ལན།འཁོར་ཡུག་གི་དཀའ་ངལ།ཕྲུ་གུ་ཚོའི་རང་ཉིད་ཀྱི་ཕ་སྐད་དེ་རང་རང་སོ་སོའི་རྒྱུན་སྤྱོད་ཀྱི་སྐད་ཡིག་ཨ་མ་རུ་འགྱུར་མི་ཐུབ་པའི་དཀའ་ངལ།འདི་ང་ཚོ་ཡོ་རོབ་དང་ཨ་རི་སོགས་ཕྱི་རྒྱ་ཡུལ་གྲུལ་ཁབ་ཏུ་ཡོད་པའི་བོད་ཕྲུག་ཚང་མ་ལ་གཅིག་མཚུངས་ཀྱི་འཕྲད་བཞིན་པའི་དཀའ་ངལ་དེ་རེད་།དུས་ཚོད་ཀྱི་དཀའ་ངལ།ཕྲུ་གུ་ཚོས་བོད་ཡིག་སྦྱོང་བའི་དུས་ཚོད་ཧ་ཅང་ཉུང་ཉུང་ཞིག་ལས་རག་གི་མེད་པ།དཔེར་ན་ཕྲུ་གུ་འགའ་རེར་བདུན་ཕྲག་རེར་ཆུ་ཚོད་གཅིག་དང་ཕྱེད་ཙམ་ལས་བོད་ཡིག་སྦྱོང་ས་རག་གི་མེད་།དགེ་རྒན་གྱི་དཀའ་ངལ། གཅིག་ནས་ཚད་ལྡན་གྱི་དགེ་རྒན་རག་རྒྱུ་ཧ་ཅང་དཀའ་བ།དགེ་རྒན་གྱི་ཆ་རྐྱེན་ཚང་མཁན་ཁ་ཤས་ཡོད་པ་ཚོར་དུས་ཚོད་མ་རག་པའི་དཀའ་ངལ།དཔལ་འབྱོར་གི་དཀའ་ངལ།དཔལ་འབྱོར་འདང་ངེས་མེད་པས་དགེ་རྒན་རྣམས་ལ་ཞབས་གླ་ཡང་ཆེས་ཉུང་ངུ་ཞིག་ལས་ཕུལ་ཐུག་ཀྱི་མེད་པའི་དཀའ་ངལ། ༢༠༡༨་ལོའི་ཕྱི་་ཟླ་གསུམ་པ་དང་བཞི་བ་ནས་སུད་སི་བོད་སློབ་ཚང་མས་དབུ་ཅན་སློབ་རྒྱུ་དང་གང་མགྱོགས་ཅི་འགྱོགས་ཀྱི་སློབ་དེབ་གསར་བཟོ་བྱ་རྒྱུ་གཏན་འབེབས་གནང་བ་ཙམ་ལས་དེ་རིང་གི་བར་བོད་ཡིག་སློབ་དེབ་གསར་བ་སྤྲོད་ཐུབ་མེད།འདི་ནི་ཁ་གསབ་མི་ཐུབ་པའི་དུས་ཚོད་ཀྱི་གྱོང་གུན་ཆེན་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད་།

དྲི་བ།ས་གནས་བོད་སློབ་ཚུགས་ནས་ད་ལྟའི་བར་གྲུབ་འབྲས་ག་རེ་བྱུང་སོང་དགོངས་ཀྱི་ཡོད།
ལན།ཕྱི་ལོ་༢༠༠༦བོད་སློབ་འདི་དབུ་ཚུགས་ནས་སློབ་ཕྲུག་གི་གྲངས་འབོར་མང་དུ་ཕྱིན་པ་ཙམ་མ་ཟད་།ཕྲུ་གུ་ཚོས་བོད་སྐད་ཡག་པོ་རྒྱག་ཐུབ་པ་དང་ཚང་མའི་དྲག་ཞན་ལ་མ་ལྟོས་པ་བོད་ཡིག་འབྲི་ཀློག་ཤེས་པ།བདུན་གཅིག་ཕྲག་གཅིག་གི་རིང་ཐོན་གཅིག་དང་གཉིས་མཉམ་འཛོམ་གྱི་ནང་ཁུལ་རྩེད་གྲོགས་དང་ངོ་ཤེས་སུ་འགྱུར་ཐུབ་པ།སློབ་གྲ་འདི་འགྲིམས་ནས་ད་ལྟ་ལས་དཀའ་བྱེད་བཞིན་པའི་གཞོན་སྐྱེས་ཀྱང་ཁ་ཤས་ཡོད་།ཕྲུ་གུ་ཚོའི་མ་ཐ་ས་ནས་བཤད་ན་བོད་པ་ཟེར་ཡ་ཞིག་དང་བོད་ཡིག་ཟེར་ཡ་ཞིག་ཟུར་དུ་ཡོད་པ་ངོ་ཤེས་པ་བཅས་འདི་ཚོ་གྲུབ་འབྲས་ཞིག་ཏུ་ངོས་འཛིན་གྱི་ཡོད།


དྲི་བ།སུད་སིའི་ནང་བོད་པའི་ཕྲུ་གུ་ཚོར་བོད་ཡིག་སློབ་ཐབས་ཐད་དམིགས་བསལ་གྱི་ཉམས་མྱོང་དང་།ཡང་ན་ཕ་མ་དང་སློབ་ཕྲུག་ཚོར་འབོད་སྐུལ་ཞུ་རྒྱུ་ཡོད་དམ


ལན།དེའི་སྐོར་ཉམས་མྱོང་ཟེར་ན་དམིགས་གསལ་གང་ཡང་མེད་།གོ་སྐབས་འདི་རྒྱུད་ང་རང་གི་མཐོང་ཚུལ་ཞིག་བཤད་འདོད་།རྒྱུན་དུ་སྐད་ཆ་བཤད་དུས་དང་དྲ་ཐོག་ནས་འཕྲིན་ཐུང་བེད་སྤྱོད་གཏོང་བའི་སྐབས་བོད་ཡིག་ཡག་པོ་ཤེས་མིན་ལ་མ་ལྟོས་པར་བོད་པ་ནང་ཁུལ་དུ་བོད་ཡིག་ག་ཚོད་འབྲི་ཐུབ་ན་དེའི་ཚོད་ཀྱི་ཡར་རྒྱས་འགྲོ་རྒྱུ་ཆོས་ཉིད་རེད།ཡིག་ནོར་མང་པོ་ཤོར་འཕྱ་ཡོང་བསམ་ནས་ངོ་ཚ་བྱས་ན་ཡག་པོ་མི་འདུག ནམ་རྒྱུན་བྲིས་བསྡད་པ་ཡིན་ན་ག་ལེར་ཡར་རྒྱས་ཡོང་གི་རེད། ཕ་མ་ཚོར་དམིགས་གསལ་རེ་སྐུལ་ཞིག་ཡོད་པ་ནི།རྒྱུན་དུ་སོ་སོའི་ཁྱིམ་དང་ཕྲུ་གུ་མཉམ་དུ་བོད་སྐད་གཙང་མ་ཞིག་རྒྱག་ཐུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་སྐད་ཡིག་གི་ཆེད་དུ་དམིགས་བསལ་དཀའ་ལས་རྒྱག་མི་དགོས་པའི་ཆེས་རླབས་ཆེན་གྱི་བྱ་བཞག་ཞིག་ཡིན་པ་ངོས་འཛིན་གནང་རྒྱུ་ཧ་ཅང་གལ་ཆེ།རང་ཉིད་ཀྱི་ཕ་སྐད་དེ་སོ་སོའི་ཕྲུ་གུར་རྒྱན་སྤྱོད་ཀྱི་སྐད་ཡིག་ཨ་མ་རུ་འགྱུར་ཐུབ་པ་བྱ་དགོས།

དྲི་བ།ཁྱེད་རང་ཚོའི་བོད་སློབ་ཀྱི་སློབ་ཕྲུག་ཚོའི་ཉིན་ཐོའམ།ཡང་ན་རྩོམ་ཡིག་དེ་འདྲ་ཡོད་ཚེ་སློབ་ཕྲུག་གསུམ་གྱི་རྩོམ་ཡིག་ཐུང་ཙམ་གནང་ཐབས་ཡོང་བ་ཞུ།རྩོམ་ཡིག་འབྲི་མཁན་སློབ་ཕྲུག་དེ་དག་གི་པར་གཅིག་རེ་སྐུར་གནང་རོགས།
ལན།གནས་སྐབས་རིང་དེ་འདྲ་མེད་།

བཅར་འདྲི་བྱེད་མཁན། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 2 སམས་རགས།