སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་བོད་ཀྱི་སྐད་ཡིག་འགྲན་བསྡུར་སྐབས་དང་པོ།

ཕྱི་ལོ་ ༢༠༡༣ ཟླ་  ༡༢ ཚེས་ ༢༨ ཉིན་སུད་སི་ས་གནས་ཨོལ་ཏན Olten ནང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་བོད་སློབ་ཁག་ལྔས་གོ་སྒྲིག་འོག་སུད་སིའི་ནང་ཡོད་པའི་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེད་བོད་ཀྱི་སྐད་ཡིག་འགྲན་བསྡུར་ལས་འགུལ་སྟེ། སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་བོད་ཀྱི་སྐད་ཡིག་འགྲན་བསྡུར་སྐབས་དང་པོ་གོ་སྒྲིག་བྱས་སོང་།

གོང་ཚེས་ཉིན་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་བོད་སློབ་ཁག་ལྔས་གོ་སྒྲིག་འོག སུད་སི་ནང་གི་བོད་རིགས་སློབ་ཕྲུག་རྣམས་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་ཆེད་ཐེངས་འདིའི་བོད་ཀྱི་སྐད་ཡིག་འགྲན་བསྡུར་ནང་སྡེ་ཚན་མི་འདྲ་བ་བཞིའི་ཐོག་འགྲན་བསྡུར་གནང་ཡོད་ཅིང་། སྡེ་ཚན་དང་པོ་གཏམ་བཤད་དང་། སྡེ་ཚན་གཉིས་པ་སྙན་ཚིག་ངག་སྐྱོར། སྡེ་ཚན་གསུམ་པ་དག་ཆ་འགྲན་སྡུར། སྡེ་ཚན་བཞི་བ་རིག་གཞུང་འཁྲབ་སྟོབ་བཅས་ཡིན། ཐེངས་འདིའི་སྡེ་ཚན་རེ་རེ་ནང་ཨང་ཐོབ་རྩེ་ཕུད་གསུམ་རེར་ཆེད་བསྟོད་གཟེངས་རྟགས་བྱ་དགའ་ཕུལ་ཡོད་པ་དང་། སྡེ་ཚན་དང་པོ་གཏམ་བཤད་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན་ས་གནས་བྷ་སལ་བོད་སློབ་ཀྱི་སློབ་ཕྲུག་བསྟན་འཛིན་ཆོས་རྒྱལ་དང་། ཨང་གཉིས་པ་ས་གནས་ལུ་རྫན་ཀྱི་སློབ་ཕྲུག་ཁང་གསར་བསྟན་འཛིན་འཆི་མེད།   ཨང་གསུམ་པ་ས་གནས་ཛུ་རིག་གི་སློབ་ཕྲུག་ཆོས་རྒྱལ་རྙུང་མར་ཚང་བཅས་ཡིན་ཞིང་། སྡེ་ཚན་གཉིས་པ་སྙན་ཚིག་སྡེ་ཚན་ནང་ཨང་དང་པོ་གཉིས་ཡོད་པའི་གཅིག་ནི་ས་གནས་ལུ་རྫན་གྱི་སློབ་ཕྲུག་བཀྲེ་བཀྲེ་བསྟན་འཛིན་བུ་ཁྲིད་དང་། ས་གནས་རི་ཁོན་གྱི་སློབ་ཕྲུག་མཁར་རུ་ཤར་བསྟན་འཛིན་སྒྲོལ་མ། ཨང་གཉིས་པ་ས་གནས་སོ་ལོ་ཐོན་སློབ་ཕྲུག་ངག་དབང་ཆོས་སྐྱིད།  ཨང་གསུམ་པ་ས་གནས་སོ་ལོ་ཐོན་སློབ་ཕྲུག་འཆི་མེད་སྒྲོལ་དཀར་བཅས་ཡིན་པ་དང་།  སྡེ་ཚན་གསུམ་པ་དག་ཆ་འགྲན་བསྡུར་ནང་ཨང་དང་པོ་གཉིས་ཡོད་པའི་ནང་གཅིག་ནི་ས་གནས་ལུ་རྫན་ནས་ཡིན་པའི་སྐལ་བཟང་ཚང་བསྟན་འཛིན་ལྷ་སྒྲོན་དང་། ས་གནས་ཛུ་རིག་ནས་ཡིན་པའི་སློབ་ཕྲུག་ཉི་ཟླ་སངས་རྒྱས་འབའ་རུ། ཨང་གཉིས་པ་ཐོབ་མཁན་ས་གནས་རི་ཁོན་སློབ་ཕྲུག་ལྷབས་ཕྱུག་བསྟན་འཛིན་ཚེ་སྐྱིད། ཨང་གསུམ་པ་ཐོན་མཁན་ས་གནས་སོ་ལོ་ཐོན་གྱི་སློབ་ཕྲུག་ཚེ་གསང་ཁ་རོལ་བསོད་ནམས་བཅས་ཡིན། སྡེ་ཚན་བཞི་བ་འཁྲབ་སྟོན་སྡེ་ཚན་ནང་ས་གནས་སིངྒ་ལེན་བོད་སློབ་དང་། ཨང་གཉིས་པ་ས་གནས་ལུ་རྫན་བོད་སློབ། ཨང་གསུམ་པ་ས་གནས་སོ་ལོ་ཐོན་བོད་སློབ་་བཅས་ཡིན། ཐེངས་འདིའི་འགྲན་བསྡུར་གྱི་གཟུ་དཔང་བ་རྣམས་ནི་རི་ཁོན་མཁན་རིན་པོ་ཆེའི་སྐུ་ཚབ་སློབ་དཔོན་བདེ་ཁོ་ལགས། ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས། ཝ་ན་མཐོ་སློབ་གྱི་སློབ་ཟུར་སྐལ་བཟང་ལགས་བཅས་གསུམ་ཡིན།

འགྲན་བསྡུར་མཛད་སྒོའི་ཐོག་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་དང་། སུད་སི་སྐུ་ཚབ་དོན་གཅོད། ས་གནས་འཐུས་མི་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ། དེ་བཞིན་ས་གནས་བོད་རིགས་གཉིས་བརྒྱ་ལྷག་འདུ་འཛོམས་ཐོག་ལས་རིམ་དབུ་འཛུགས་གནང་ཡོད་འདུག

ཐེངས་འདིར་སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་བོད་ཀྱི་སྐད་ཡིག་འགྲན་བསྡུར་སྐབས་དང་པོ་འདི་བཞིན་སྤེལ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་ནི། ༢༠༡༣ ལོར་སྲིད་སྐྱོང་མཆོག་སུད་སིར་ཆིབས་བསྒྱུར་སྐབས་ཡུ་རོབ་བོད་སློབ་ཁག་གི་འགན་འཛིན་དང་དགེ་རྒན་རྒྱས་འཛོམས་ཐོག་གྲོས་ཆོད་དོན་ཚན་ལྔ་བྱུང་བའི་དགོངས་དོན་བཞིན། ལོ་ལྟར་ཡུ་རོབ་ནང་འཚར་ལོང་འབྱུང་བཞིན་པའི་བོད་ཀྱི་ན་ཆུང་བྱིས་པ་རྣམས་ཀྱི་བོད་སྐད་དང་བོད་ཡིག་ཡར་རྒྱས་གཏོང་ཆེད་ས་གནས་ས་ཐོག་ཏུ་བོད་སྐད་འགྲན་བསྡུར་ཐེངས་རེར་འཚོག་གཏན་ཁེལ་བ་ལྟར་དང་། ལྷག་དོན་སུད་སི་བོད་སློབ་ཁག་གི་འགན་འཛིན་རྒྱས་འཛོམས་ཐོག་ལོ་ལྟར་ས་གནས་བོད་སློབ་ཁག་ལྔ་རེ་མཉམ་འཛོམས་ཀྱིས་གོ་སྒྲིག་ཞུ་གཏན་ཁེལ་བ་བཞིན། ད་ལོའི་གོ་སྒྲིག་པ་ས་གནས་སོ་ལོ་ཐོརན་དང་། ལུ་རྫན། བྷ་སལ། ཨར་རྒོའོ། ལོའོ་སན་བཅས་ཀྱི་བོད་ཡིག་སློབ་གྲྭ་ཁག་གིས་གོ་སྒྲིག་ཞུས་འདུག་ཅིང་། ལོ་རེ་བཞིན་སུད་སི་ས་གནས་གཞན་དག་གི་བོད་སློབ་ཁག་ལྔ་རེའི་ཆ་བགོས་ཀྱིས་མུ་མཐུད་གོ་སྒྲིག་ཞུ་འཆར་ཡོད་འདུག་པ་བཅས་ཙ་ཡུལ་ཕུན་ཚོགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།