སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ།

ཕྱི་ཟླ༡༢ཚེས་༡ཉིན་གྱི་སུད་སིའི་མངའ་སྡེ་སངྒ་ལེན་ས་གནས་ཚོགས་ཆུང་བོད་ཡིག་སློབ་གྲྭའི་གོ་སྒྲིག་འོག སུད་སིའི་ས་གནས་བོད་ཡིག་སློབ་གྲྭ་ཁག་གི་སློབ་ཕྲུག་གང་མང་མཉམ་ཞུགས་ཀྱིས་སུད་སི་རྒྱལ་ཡོངས་བོད་རིིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་སྐབས་དང་པོ་ཞེས་པའི་ཕ་སྐད་འགྲན་བསྡུར་ཀྱི་མཛད་རིམ་རྒྱས་པ་ཞིག་འཚོགས་སོང་། 

དེ་རིང་ཕྱི་ཚེས་ ༡ ཉིན་གྱི་ཉིན་གུང་ཆུ་ཚོད་གསུམ་དང་ཕྱེད་ཀ་ནས་དགོང་མོའི་ཆུ་ཚོད་བཅུ་བའི་བར་སུད་སི་ས་གནས་ཨོ་ཙི་ཝེལ་ནང་སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་གྱི་ལས་འགུལ་རྒྱས་པ་ཞིག་འཚོགས་སོང་ལ། ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། སུད་སི་གཙོས་པའི་ཡོ་རོབ་ཡུལ་གྲུ་ཁག་གི་བོད་རིགས་འདུས་སྡོད་བྱེད་ཡུལ་ནང་བོད་ཀྱི་སྐད་ཡིག་དར་སྤེལ་དང་། རྒྱུན་འཛིན། སྲུང་སྐྱོབ་བཅས་གནང་ཆེད་མ་འོངས་བོད་ཀྱི་སོན་རྩར་གྱུར་བའི་ན་ཆུང་བྱིས་པ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ངོ་བོ་སྲུང་སྐྱོབ་ཀྱི་འདུ་ཤེས་གོང་མཐོར་ཡོང་རྒྱུར་ཆེད་དུ་སྤེལ་བ་ཞིག་ཡིན་འདུག འགྲན་བསྡུར་འདིར་ཆེད་དུ་གཟུ་དཔང་བ་གསུམ་གདན་འདྲེན་གནང་ཡོད་པ་དང་། གཟུ་དཔང་པ་གསུམ་ནི། སུད་སིར་བཅའ་བཞུགས་ཡོ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས། ཧྥ་རན་སི་ནས་ཕེབས་པ་མདོ་སྨད་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས། སུད་སིར་བཅའ་བཞུགས་སྟག་ཚང་དཀོན་མཆོག་ལགས་བཅས་གསུམ་རེད་འདུག

ཐེངས་འདིའི་ལས་འགུལ་གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ལགས་ཀྱི་ལསའགུལ་དང་འབྲེལ་བའི་གསུང་བཤད་དོན། ང་ཚོའི་བོད་ཀྱི་འཐབ་རྩོད་གནང་སྟངས་ནི་སྐད་འབོད་ཙམ་གཅིག་པུ་མ་རེད། མི་རིགས་ཤིག་གི་འཐབ་རྩོད་བྱེད་སྟངས་ལ་རྒྱུ་རྩལ་ཀྱི་ཕྱོགས་ནས་དང་། རྩོམ་འབྲི། རི་མོ། རོལ་མོ་སོགས་ཀྱི་ངོས་ནས་འཐབ་རྩོད་བྱེད་སྟངས་ཡོད་ལ། བོད་མི་རིགས་ཀྱི་རྩ་བའི་འཐབ་རྩོད་ཀྱི་གཞི་བཅོལ་ས་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གནང་རྒྱུ་དེ་ཡིན་སྟབས། སྐད་ཡིག་སྲུང་སྐྱོབ་ནི་འཐབ་རྩོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཅེས་དང་། ང་ཚོ་རང་དབང་ལུང་བར་གནས་པའི་བོད་པ་རྣམས་ཀྱིས་སོ་སོས་སྒྲུབ་ཐུབ་པ་མང་པོ་ཞིག་སྒྲུབ་ཀྱིན་མེད་པ་དང་། སྒྲུབ་མི་ཐུབ་པ་མང་པོ་ཞིག་སྒྲུབ་ཀྱིན་ཡོད་པ་འདི་ནི་རྩ་བའི་ནོར་འཁྲུལ་ཞིག་རེད། ང་ཚོ་ཕྱི་རྒྱལ་ལུང་བར་གནས་པའི་བོད་པ་ཚོ་དཔལ་འབྱོར་གྱི་ངོས་ནས་བརྗོད་ན། ང་ཚོ་ནི་ཕྱི་རྒྱལ་བ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྗེས་ཟིན་ཀྱི་མེད་ལ། ཁ་ཕྱིར་འཁོར་ནས་ང་ཚོའི་བོད་པའི་གྲས་སུ་ཡང་མི་ཚུད་པ་ཞིག་ཆགས་ཀྱི་ཡོད། དེ་བས་ང་ཚོ་མི་སྒེར་སུས་ཀྱང་སྒྲུབ་ཐུབ་པ་དང་འཇོན་ཐུབ་པ་དཔེར་ན། སོ་སོའི་བྱིས་པ་ལ་བོད་སྐད་བཤད་པ་དང་། སོ་སོ་རང་ཉིད་ཀྱིས་བོད་དོན་ལ་དོ་སྣང་སྤྲོད་རྒྱུ་བཅས་ཕར་བཞག་ནས། བོད་དོན་འཐབ་རྩོད་བྱེད་དགོས་ན་སྐད་འབོད་ཙམ་གཅིག་པུ་ཡིན་པའི་འདུ་ཤེས་འཁུར་སྟངས་འདི་ཏན་ཏན་བསམ་བློ་གཏོང་དགོས་ས་ཞིག་རེད། མ་འོངས་པར་ཕ་སྐད་གཙང་མའི་འགྲན་བསྡུར་འདི་བཞིན་ཡོ་རོབ་སྤྱིའི་ནང་གི་བོད་རིགས་ན་ཆུང་བྱིས་པ་རྣམས་ཀྱི་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་གི་ངོ་བོར་འཕེལ་རྒྱས་སུ་འགྲོ་བའི་རེ་བ་ཡོད། ཅེས་སོགས་གསུངས་སོང་།

ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་གྱི་ལས་འགུལ་འདིར་རི་ཀོང་མཁན་རིན་པོ་ཆེ་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་དང་། མི་མང་གི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་སུད་སི་དང་། ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་གཙོས་པའི་མི་མང་གྲངས་བརྒྱ་ལྷག་མཉམ་འཛོམས་བྱུང་ཡོད་པ་དང་།  ཁྱོན་བསྡོམས་སློབ་ཕྲུག་གྲངས་བཅུ་གཉིས་འགྲན་ཞུགས་གནང་ཐུབ་ཡོད། སློབ་ཕྲུག་དེ་རྣམས་ནི་གོང་བརྗོད་སློབ་གྲྭ་ཁག་ནས་བདམས་ཐོན་ཀྱིས་འཛུལ་ཞུགས་གནང་བ་རྐྱང་ཡིན་འདུག་ཅིང་། འགྲན་བསྡུར་ཁྲོད་གཟུ་དཔང་བ་གསུམ་ཀྱིས་ན་ཆུང་འགྲན་ཞུགས་པ་རྣམས་ཀྱིས་བོད་སྐད་སྐྱོན་སྟངས་དང་། སྒྲ་གདངས། བརྗོད་གཞི། དྲི་བ་བཅས་བཞི་ཡི་ཐོག་སྐར་གྲངས་བརྒྱབ་སྟེ། མཐའ་མའི་སྐར་གྲངས་ཀྱི་བསྡོམས་རྩིས་ལྟར་བྱ་དགའ་ཨང་དང་པོ་ལ་སུད་སྒོར་༥༠༠་དང་། གཉིས་པ་ལ༣༠༠། གསུམ་པ་ལ་སུད་སྒོར༢༠༠ བཅས་རིམ་པ་གསུམ་གྱི་བྱ་དགའི་གསོལ་རས་གནང་སོང་། 

བྱ་དགའ།
ཨང་དང་པོ་ཐོབ་མཁན་ནི་སངྒ་ལེན་སློབ་གྲྭའི་སློབ་མ་བསྟན་འཛིན་བཟང་མོ་དང་།
ཨང་གཉིས་པ་ཐོབ་མཁན་ཧོར་གྷན་སློབ་གྲྭའི་སློབ་མ་བསྟན་འཛིན་འཆི་མེད།
ཨང་གསུམ་པ་ཐོབ་མཁན་སོ་ལོ་ཐོན་སློབ་གྲྭའི་སློབ་མ་ངག་དབང་ཆོས་སྐྱིད་བཅས་ཡིན།

དགོང་མོའི་ཆུ་ཚོད་༡༠ཐོག་མཛད་རིམ་ཡོངས་སུ་མཇུག་བསྡུས་སོང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།