སུད་སི་རྒྱལ་ཁབ་འབྱོར་ཕྱུགས་ལྡན་པ་ཞིག་ཡོང་བའི་རྒྱུ་མཚན་གང་རེད།

swissinfo.chཁོར་ཡུག་གི་ཆ་རྐྱེན་འཛོམས་པོ་ཞིག་མེད་ན་དཔལ་འབྱོར་ལེགས་འགྲུབ་ཡོང་མི་སྲིད། སྐད་ཆ་འདི་ནི་དཔལ་འབྱོར་ལོ་རྒྱུས་ཀྱི་ཉམས་མྱོང་སྡོམ་ཚིག་ཅིག་རེད། དེས་ན་སུད་སི་ལ་ཁོར་ཡུག་གི་ཆ་རྐྱེན་ག་འདྲ་ཞིག་གི་འོག་ནས་འདི་ལྟ་བུའི་དཔལ་འབྱོར་ཡར་རྒྱས་བྱུང་བ་ཡིན་ནམ།

Tobias Straumann:རྒྱལ་ཁབ་ཀྱི་ཞི་བདེ་ནི་རྒྱུ་རྐྱེན་དང་པོ་རེད། སུད་སི་ནི་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པ་གཉིས་ཀྱིས་ཤུགས་རྐྱེན་མ་སླེབས་པའི་རྒྱལ་ཁབ་ཅིག་ཡིན་སྟབས།ལོ་རྒྱུས་རིང་བོའི་ནང་ཞི་བདེ་བག་ཕེབས་ངང་གནས་ཏེ་བསྡད་ཡོད།  རྒྱུ་རྐྱེན་གཉིས་པ་ནི། ས་བབ་ཀྱི་ངོས་ནས་བལྟས་ན་སུད་སི་ནི་ཡུ་རོབ་སྟོབས་ལྡན་རྒྱལ་ཁབ་ཁ་ཤས་ཀྱི་དཀྱིལ་དུ་ཁེལ་བསྡད་ཡོད། དཔེར་ན། སྦེལ་ཇམ་དང་། ཧྥི་རན་སི། འཇར་མན། ཨེ་ཊ་ལི་སོགས་ཀྱི་དཀྱིལ་སྙིང་ལྟ་བུར་གནས་ཡོད། དེ་བས་ཁྱིམ་མཚེ་སྟོབས་ལྡན་རྒྱལ་ཁབ་དེ་དག་དང་དཔལ་འབྱོར། ལག་རྩལ་སོགས་ཀྱི་ཐད་ཤུགས་རྐྱེན་དང་འབྲེལ་བ་ཟབ་མོ་ཡོད་པ་རེད། ཆ་རྐྱེན་འདི་ནི་འབད་བརྩོན་ལས་བྱུང་བ་ཞིག་མ་ཡིན་པར་ལྷན་སྐྱེས་ཀྱི་རླུང་རྟ་རྒྱུགས་པ་ལྟ་བུ་རེད།

swissinfo.ch: འབྱོར་ཕྱུགས་ལྡན་ཞིང་ཁེ་བཟང་ཆེ་བའི་འཇར་མན་ལྟེ་གནས་དངུལ་ཁང་སོགས་ལ་འབྲེལ་བ་ཡོད་དམ།

T.S.:ཡོད་དང་ཡོད།འཇར་མན་ནི་སུད་སི་རྒྱལ་ཁབ་གྱི་ཚོང་གྲོགས་གལ་ཆེ་ཤོས་དེ་ཡིན།ཁྱིམ་མཚེ་རྒྱལ་ཁབ་འདིས་སུད་སི་བྱང་ཕྱོགས་ཀྱི་དཔལ་འབྱོར་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད།སུད་སི་དངུལ་ཁང་གི་དངུལ་ལོར་དང་།སུད་སི་རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་སློང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ཉེ་བའི་ཆར་ཡུ་རོབ་དངུལ་ཁང་གིས་རོབ་སྤྱི་ཡོངས་ལ་དངུལ་ལོར་གྱི་སྲིད་བྱུས་གཏན་འབེབ་བྱས་ཡོད།དངུལ་ལོར་སྲིད་བྱུས་འདིས་དཔལ་འབྱོར་ཐད་ཤུགས་རྐྱེན་སྣ་མང་ཐེབས་ཀྱི་ཡོད།རྒྱལ་ཁབ་སོ་སོའི་དབུས་དངུལ་ཁང་གི་འབྲེལ་བ་ལ་བལྟས་ཚོད་ཀྱིས་གཅིག་གྱུར་ལྟ་བུར་སྣང་ཡང་།ཡུ་སྒོར་གྱི་འཛའ་ཐང་གི་འཕེབ་འགྲུབ་དང་།འདས་པའི་ཡུ་རོབ་ལམ་ནོར་ཕྱོགས་སུ་སོང་པའི་ཉམས་མྱོང་མང་པོ་ཞིག་ལས་ཡུ་རོབ་སྤྱི་དང་།དམིགས་བསལ་སུད་སིའི་དངུལ་ལོར་གྱི་སྲིད་བྱུས་ལ་སློབ་སྟོན་གསར་པ་རག་ཡོད། འོན་ཀྱང་དངུལ་ལོར་གྱི་སྲིད་བྱུས་འདི་རྒྱུན་རིང་པོ་བརྟན་པོར་གནས་ཐུབ་ཟེར་ན་ཧ་ཅང་ཁག་པོ་ཡོད་པའང་ཞོར་ནས་ཤེས་དགོས།

swissinfo.chསུད་སིར་གནས་སྤོ་བ་དང་སྐྱབས་བཅོལ་བས་ཤུགས་རྐྱེན་ག་འདྲ་ཡིན་ནམ།

T.S.:སུད་སི་ལ་མཚོན་ན་གནས་སྤོ་བ་དང་སྐྱབས་བཅོལ་བའི་གནས་ཚུལ་སྔ་མོ་ནས་བྱུང་ཡོད་པ་ཞིག་རེད།སུད་སིའི་གསར་བརྗེ་དུས་རབས་སྐབས་དབྱིན་ཇི་དང་ཧྥི་རན་སི་སོགས་མིའི་འཇོན་ནུས་ནང་འདྲེན་ཆེད་གནས་སྤོ་བ་འགོ་ཚུགས་ཡོད།གནས་སྤོ་བ་རྣམས་མང་ཆེ་ཤོས་སུད་སིའི་ནུབ་ཕྱོགས་ཁུལ་ཏུ་ཡོད།དཔེར་ན་(Geneve )ཇི་ནི་ཝ།ལོའོ་སན་lausane སོགས་སུ་གནས་བྱས་ཡོད། ཕྱིས་སུ་སུད་སིའི་འཇར་མན་སྐད་ཡིག་བེད་སྤྱོད་གཏོང་བཞིན་པའི་ས་ཁུལ་ཁག་ལའང་གནས་སྤོ་བ་དང་སྐྱབས་བཅོལ་ཇེ་མང་དུ་ཕྱིན་ཡོད་པ་རེད།

གལ་སྲིད་སུད་སི་ནང་ལ་གནས་སྤོ་བ་དང་སྐྱབས་བཅོལ་བ་བྱུང་མེད་ཚེ།དེ་རིང་གི་སུད་སི་འདི་འདྲ་ཡོང་ཁག་པོ་རེད།གནས་སྤོ་བ་དང་སྐྱབས་བཅོལ་བའི་ཤུགས་རྐྱེན་འོག་དུས་རབས་༡༧་དང་།དུས་རབས་༡༨་ནང་སུད་སིའི་དཔལ་འབྱོར་ལ་ལམ་ལུགས་ལ་གསར་བརྗེ་བྱུང་དགོས་པ་བཟོས་ཡོད་པ་རེད།  དུས་རབས་༡༩དང་དུས་རབས་༢༠ནང་ཡུ་རོབ་དཔལ་འབྱོར་ལ་བརྟན་རླིང་མེད་ཅིང་ཟིང་འཁྲུག་ཛ་དྲག་འབྱུང་བཞིན་པའི་སྐབས།སུད་སི་རྒྱལ་ཁབ་ཀྱིས་ཁྱིམ་མཚེ་རྒྱལ་ཁབ་ཁག་གི་མི་སེར་ཤེས་ཡོན་པ་དང་།ལག་ཤེས་པ།ཚན་རིག་པ།བསམ་བློ་བ་སོགས་སུད་སི་ནང་ཕེབས་བཅུག་ཡོད་པ་དང་།ཁོང་ཚོའི་བདེ་འཇགས་དང་མཐུན་རྐྱེན་གོ་སྒྲིག་བྱས་པ་རེད།འདི་ནི་རྒྱལ་ཁབ་ཀྱི་རྣམ་དཔྱོད་ལྡན་པའི་ལས་ཀ་རླབས་ཆེན་ཞིག་རེད་ལ།  མཐུན་རྐྱེན་གལ་ཆེན་ཞིག་རེད།

swissinfo.chཐོན་ཁུངས་དང་ཐོན་དངོས་རྒྱུ་ཆ་མེད་པ་འདི་ཡང་སུད་སི་ཡར་རྒྱས་ཡོང་བའི་མཐུན་རྐྱེན་ཞིག་རེད་དམ།

T.S.:རྒྱལ་ཁབ་ཅིག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་དང་།རྒྱལ་ཁབ་དེའི་རང་བྱུང་ཐོན་ཁུངས་གཉིས་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཚུལ་ཤོད་ཀྱི་ཡོད། དུས་རབས་༡༩ནང་དབྱིན་དང་སྦེལ་ཇམ་ལྟ་བུར་མཚོན་ན།ལུང་པ་དེ་གཉིས་ནང་རྡོ་སོལ་གྱི་གཏེར་ཁ་ཕོན་ཆེན་པོ་ཐོན་པ་ལས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་ལ་རོགས་པ་མང་པོ་གནང་ཐུབ་ཡོད། འོན་ཀྱང་དུས་རབས་༢༠ བའི་ནང་དེ་ནི་འགལ་རྐྱེན་ཞིག་ཏུ་གྱུར་ཡོད། དུས་ཚོད་རིང་བོའི་ནང་བཟོ་ལས་གསར་བརྗེ་དང་། དཔལ་འབྱོར་ལམ་ལུགས་བསྒྱུར་བཅོས་ཀྱིས་ལུང་པ་དེ་གཉིས་དཀའ་ངལ་ཆེན་པོའི་ནང་བསྐྱལ་ཡོད།

འོན་ཀྱང་སུད་སིའི་རང་བྱུང་ཐོན་ཁུངས་ནི་ཆུ་ཁོ་ན་ཡིན། དེ་བས་ཐོན་སྐྱེད་རྒྱུ་ཆ་གཞན་ཚང་མ་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་ཞུ་དགོས་ཀྱི་ཡོད། སུད་སི་རྒྱལ་ཁབ་འཛམ་གླིང་གི་ཚོང་རའི་ཁྲོད་ནས་ལངས་ཐུབ་པའི་ཆེད་དུ། དཔལ་འབྱོར་སྣ་མང་དང་། སུད་སིའི་ཁྱད་ཆོས་ལྡན་པའི་བཟོ་ལས། སྲོལ་རྒྱུན་གྱི་འབྲོག་ལས་སོགས་སུད་སིའི་བཟོ་ལས་ཁ་ཕྱོགས་རིན་ཐང་ལྡན་པ་ཞིག་གསར་གཏོད་བྱས་ཡོད་པ་རེད། དཔལ་འབྱོར་ལམ་ལུགས་རང་ཚུགས་ཚུགས་ཐུབ་པ་འདིས་སུད་སི་དཔལ་འབྱོར་ལམ་ལོག་ཏུ་མ་སོང་བར་བདེ་ཐང་གིས་འཕེལ་རྒྱས་བྱུང་པར་ཤུགས་རྐྱེན་ཆེན་པོ་ཐོན་ཡོད།

swissinfo.chདེ་ལྟར་བཤད་ཚེ་སུད་སི་ནི་རླུང་རྟ་རྒྱུགས་པ་ལྟ་བུ་རེད་འདུགའོན་ཀྱང་རླུང་རྟ་གཅིག་པུས་རྒྱལ་ཁབ་འཕེལ་རྒྱས་ག་ལ་འགྲོ་སྲིད།ལུང་པ་ཞིག་གི་འཕེལ་རྒྱས་གླེང་བའི་སྐབས།སློབ་གསོ་ནི་ཁ་འབྲལ་ཐབས་མེད་པའི་ཆ་རྐྱེན་གལ་ཆེན་ཞིག་རེད།དེས་ན་སུད་སིའི་སློབ་གསོའི་སྐོར་ནས་ག་འདྲ་ཡིན་ནམ།

T.S.:བདེན་པ་རེད།ཡུ་རོབ་གསར་བརྗེ་སྐབས་ནས་བཟུང་།སུད་སི་ནི་ཡུ་རོབ་ཀྱི་རིག་གནས་ལྟེ་བ་ལྟ་བུར་གྱུར་ཡོད།སུད་སིས་མི་རིགས་གཞན་གྱི་བསམ་བློ་བ་མི་སྣ་རླབས་ཆེན་མང་པོ་ནང་འགུག་དང་སྣེ་ལེན་གནང་ཡོད། དཔེར་ན་དུས་རབས་༡༨ ནང་སྦ་སལ་གྱི་སློབ་གསོ་བ་ ཨེ་ར་སི་མོ ( Erasmus) སོགས་སློབ་གསོ་བ་མང་པོ་དང་། གཞན་སུད་སི་རང་ལའང་སློབ་གསོ་བ་དང་བསམ་བློ་མང་པོ་བྱུང་མྱོང་།

འོན་ཀྱང་སློབ་གསོའི་འཕེལ་རྒྱས་ཆེས་ཆེར་བྱུང་བ་ནི་དུས་རབས་༡༩པ་ནས་ཡིན།སྐབས་དེ་ནས་བཟུང་སུད་སི་གཞུང་གིས་འོས་འགན་སློབ་གསོ(compulsory education ) འགོ་ཚུགས་ཡོད་པ་མ་ཟད།སློབ་གྲྭ་ཆེན་མོ་དང་།ཆེད་ལས་ལག་ཤེས་སློབ་གྲྭ་སོགས་སློབ་གྲྭ་མང་པོ་བསྐྲུན་ཡོད།འདི་ནི་འཕེལ་རྒྱས་ཀྱི་གནད་འགག་གཙོ་བོ་ཞིག་ཡིན། དུས་མཉམ་དུ་སུད་སི་ཡིས་འཇར་མན་གནས་སྤོ་བའི་གྲངས་འབོར་དང་བསྟུན། སུད་སིའི་སློབ་ཆེན་གྱི་སྐབས་དེའི་ཧྥི་རན་སི་དང་འཇར་མན་སོགས་ཀྱི་བར་ཤུགས་རྐྱེན་ཆེན་པོ་བཞགས་ཡོད་ཅིང་། མུ་མཐུད་རྒྱལ་ཁབ་དེ་དག་དང་འབྲེལ་བ་རྒྱུན་མཐུད་གནང་ཐུབ་ཡོད། དཔེར་ན། ཛུ་རིག་དང་ལོ་སན་མཉམ་འབྲེལ་ཐོག་བསྐྲུན་པའི་བཟོ་སྐྲུན་རིག་པའི་སློབ་ཆེན་ནི་ད་ལྟའང་ཡུ་རོབ་གྱི་ཆེས་ཡག་ཤོས་ཀྱི་སློབ་གྲྭ་ཞིག་ཏུ་ངོས་འཛིན་ཐོབ་གྱི་ཡོད། སློབ་གྲྭ་འདི་དག་ནི་དུས་རབས་༡༩ ནང་སློབ་གསོ་གལ་ཆེན་གནང་བའི་བྱས་རྗེས་རྩ་ཆེན་དག་ཡིན།

 

swissinfo.chགོང་ནས་སྐུ་ཉིད་ཀྱིས་སུད་སིའི་དཔལ་འབྱོར་ལོག་ལམ་དུ་སོང་མེད་ཟེར།སྐད་ཆ་འདིའི་ནང་དོན་ག་རེ་ཡིན་ནམ།

T.S.:སུད་སི་ནི་མ་གཞི་ནས་ཧ་ཅང་བརྟན་བརླིང་རང་བཞིན་ཅན་ཞིག་ཡིན་པ་མ་ཟད།  གློ་བུར་བའི་འགྱུར་ལྡོག་ལ་མི་དགའ་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཕྲན་མཉམ་འབྲེལ་ལྟ་བུའི་མངའ་སྡེ་རྣམས་ཐད་ཀའི་མང་གཙོའི་ལམ་ལུགས་ཞེས་མང་གཙོའི་ལམ་ལུགས་དམིགས་བསལ་ཞིག་གི་ཐོག་ནས་འཛིན་སྐྱོང་གནང་གི་ཡོད།དེ་བས་རྒྱལ་ཁབ་གྱི་དཔལ་འབྱོར་ལམ་ལུགས་དང་སྲིད་བྱུས་སོགས་ལ་གློ་བུར་འགྱུར་ལྡོག་འགྲོ་དཀའ་བ་ཞིག་ཡིན།སུད་སིའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་ལ་དུས་རབས་༢༠ནས་ད་ལྟ་བར་འགྱུར་ལྡོག་ཆེན་པོ་བྱུང་མེད།འདས་པའི་ལོ་༡༠༠ཐམ་པ་ནང་སུད་སི་རྒྱལ་ཁབ་འདི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་ཆེན་ཁག་ལ་མདུན་མཆོངས་དང་ཧོར་རྒྱུགས་སོགས་གང་ཡང་གནང་མྱོང་མེད།ཁྱིམ་མཚེ་རྒྱལ་ཁབ་ཁག་ནང་འཁྲུག་དང་གསར་བརྗེ།རླབས་ཆེན་ལོ་རྒྱུས་ཀྱི་དཀྱོག་མཚམས་ལ་ལངས་བཞིན་པའི་སྐབས།སུད་སི་ནི་ལྷིང་འཇགས་ཁུ་སིམ་དུ་འདུག་རྒྱུར་དགའ་བའི་རྒྱལ་ཁབ་ཅིག་ཡིན།འོན་ཀྱང་སུད་སིའི་དཔལ་འབྱོར་ནི་རྒྱུན་མ་ཆད་པར་ག་ལེར་ད་ལྟ་ལ་ཐུག་གི་བར་འཕེལ་རྒྱས་ཀྱིས་ཕྱོགས་སུ་འགྲོ་བསྡད་པ་རེད།

དབྱིན་ཇི་ལྟ་བུར་མཚོན་ན།རྒྱལ་སྐྱོང་ལམ་ལུགས་འདྲ་མིན་སྣ་ཚོགས་ཚོད་ལྟ་བྱས་མྱོང་ཡོད་པ་རེད།རང་དབང་ལམ་ལུགས་ནས་སྒེར་སྤྱོད་ལམ་ལུགས་ལག་བསྟར་གནང་།དེ་ནས་ཕྱིར་ཡང་བསྐྱར་རང་དབང་མང་གཙོའི་ལམ་ལུགས་སུ་བསྒྱུར་བ་སོགས་རྒྱལ་ཁབ་ཀྱི་ལམ་ལུགས་མང་པོ་བརྗེ་བོ་བརྒྱབ་པ་རེད།དེ་ལྟ་བུའི་བརྟན་བརླིང་མེད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཀྱི་ཤུགས་རྐྱེན་འོག་དཔལ་འབྱོར་ཐོན་སྐྱེད་ཉམས་རྒུད་དུ་སོང་སྟེད་དཀའ་ངལ་མང་པོ་ཕྲད་པ་རེད།དེ་བས་དབྱིན་ཇི་དང་།ཨེ་ཊ་ལི་།འཇར་མན།ཧྥི་རན་སི་སོགས་དང་བསྡུར་ན་སུད་སི་ནི་ལམ་ལུགས་དང་སྲིད་བྱུས་སོགས་གང་ནས་བལྟས་ཀྱང་ལམ་ནོར་དུ་སོང་མེད་ཅེས་ཞུ་ཐུབ་པ་ཡིན།

མུ་འགོད། སྒྱུར་མཁན།ཙ་ཡུས་ཕུན་ཚོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།