སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་ལོ་ངོ་ ༣༠ འཁོར་བའི་དུས་དྲན།

སུད་སི་རི་ཀོན་བོད་ཡིག་སློབ་གྲྭ་བཙུགས་ཏེ་ལོ་ངོ་སུམ་ཅུ་འཁོར་བའི་དུན་དྲན་སྲུང་བརྩི་ཞུས། སྤྱིར་དེང་གི་ཆར་སུད་སིའི་ནང་བོད་རིགས་འབོར་ཆེན་གང་ཙམ་ཡོད་པས། སུད་སི་ས་གནས་གྲོང་སྡེ་བཅོ་ལྔའི་ནང་བོད་ཡིག་སློབ་གྲྭ་ཁག་བཅོ་ལྔ་ཙམ་ཡོད་པ། དེའི་ནང་རི་ཀོན་བོད་ཡིག་སློབ་གྲྭ་ནི་རྙིང་ཤོས་ཤིག་ཡིན། བོད་མི་རྣམས་རྒྱ་གར་དང་འབྲུག  བལ་ཡུལ་སོགས་སུ་བཙན་བྱོལ་དུ་གྱར་དགོས་བྱུང་རྗེས།  ལོ་གྲངས་ཁ་ཤས་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་རང་གཞུང་དབུ་འཁྲིད་རྣམ་པས་སུད་སིའི་དབུས་གཞུང་དང་། རྒྱ་གྲམ་དམར་པོའི་ཚོགས་པ་སོ་སོར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཁག་ཅིག་སུད་སིར་གཞིས་ཆགས་སུ་ངོས་བཞེས་ཡོང་བའི་འབོད་བསྐུལ་རིམ་འབྲས་ཀྱིས་ཕྱི་ལོ་ ༡༩༦༣ ནང་བོད་མི་གང་འཚམ་ཞིག་སུད་སིར་གཞིས་ཁོངས་སུ་འབྱོར། ལོ་ཤས་རྗེས་བོད་རིགས་ཤེས་ལྡན་པ་ཁག་ཅིག་གིས་དང་བླངས་ཐོག་སོ་སོའི་རྩ་ཆེན་ཆོས། སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཆེད་འགན་འཁུར་རྐང་བཞེས་ཀྱིས་སློབ་གྲྭ་ཞིག་འཛུགས་ཐུབ་པ་བྱུང་ན་སྐད་ཡིག་མི་ཉམས་རྒྱུན་འཛིན་གྱི་ཐབས་ཤེས་བཟང་ཤོས་ཤིག་ཡིན་པ་མཁྱེན་ནས། ཕྱི་ལོ་༡༩༨༣  ཟླ་བ་ ༤ པའི་ཚེས་ ༡༥  ཉིན་བོད་ཕྲུག་བདུན་ལ་བསྒྲུབས་པའི་སློབ་མར་བོད་ཡིག་སློབ་འཁྲིད་ཀྱི་རྟེན་འབྲེལ་ཞིག་བྱས་ནས་ད་རིང་བར་ལོ་ངོ་སུམ་ཅུ་འཁོར་གྱི་ཡོད་པས་དུས་དྲན་མཛད་སྒོ་ཞིག་སྲུང་བརྩི་ཞུས། སློབ་གྲྭའི་ནང་ད་ལྟའི་ཆར་སློབ་གཉེར་བ་ཉི་ཤུ་རྩ་དགུ་དང་བོད་ཡིག་སློབ་དགེ་བསམ་མདོ་བྱམས་པ་ལགས་ཀྱིས་རེས་གཟའ་ཉི་མ་འཆར་ཅན་ཆུ་ཚོད་རེ་སློབ་འཁྲིད་གནང་གི་ཡོད། སུད་སི་རྒྱལ་ཡོངས་ནང་བོད་ཡིག་སློབ་མའི་གྲངས་འབོར་སུམ་བརྒྱ་ཙམ་ཡིན།

དེ་རིང་མཛད་རིམ་ཉིན་རྒྱབ་ཆུ་ཚོད་ ༡༤༣༠  དབུ་བཙུགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་དགོན་དུ་གདན་ཞུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། དེ་རྗེས་སྐུ་མགྲོན་སྤྱི་ཟུར་རྣམ་པ་དང་། སྐུ་ཚབ་དོན་གཅོད། རི་ཀོན་དགོན་པའི་དགེ་འདུན་པ། ས་གནས་གཞན་ཁག་གི་བོད་ཡིག་སློབ་གྲྭའི་འགན་འཛིན་རྣམ་པ་བཅས་ནས་སྐུ་པར་ལ་མཇལ་དར་ཕུལ་ཟིན་པ་དང་། དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་། གཞིས་བྱེས་བོད་མི་བརྒྱ་ཕྲག་གཅིག་ལྷག་གིས་བོད་ཀྱི་བསྟན་པ་དང་རྩ་དོན་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པའི་ཆེད་སྨོན་ལམ་དང་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་དུད་ཞུས། དེ་ནས་རི་ཀོན་བོད་ཡིག་སློབ་གྲྭའི་འགན་འཛིན་དགའ་ཞི་ཐུབ་བསྟན་ལགས་དང་། རི་ཀོན་ཚོགས་ཆུང་གི་འཐུས་མི་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་གཉིས་ནས་ཐོག་མའི་སློབ་གྲྭའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་དམིགས་ཡུལ་ངོ་སྤྲོད།  ཐོག་མ་སློབ་གྲྭ་དབུ་འཛུགས་འགན་འཁུར་གནང་མཁན་བུད་དབང་ངག་དབང་བྱང་ཆུབ་ལགས་དང་རྟགས་པ་པ་སངས་དབང་འདུས། ཚེ་འདས་དགའ་ཆོས་འཇམ་དཔལ་རབ་ཡང་ལགས་བཅས་ཀྱིས་འདས་པའི་ལོ་རབས་དེའི་རིང་བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་།  སྐད་ཡིག་འཛིན་སྐྱོང་སོགས་ལ་ཞབས་འདེགས་རྒྱུན་མཐུད་བསྒྲུབས་དང་བསྒྲུབ་བཞིན་པར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་མཚོན་མཇལ་དར་ཕུལ།  དེ་ནས་སུད་སི་རྒྱལ་ཡོངས་བོད་ཡིག་སློབ་གྲྭ་ཁག་བཅོ་ལྔའི་སློབ་མ་མཉམ་འཛོམས་ཀྱིས་བོད་ཀྱི་གཞས་སྣ་དང་། སྐད་ཡིག་གལ་ཆེ་ཡིན་པའི་གཏམ་བརྗོད་སོགས་འཁྲབ་སྟོན་ཞུས། དེ་ཉིན་སློབ་མའི་ཕ་མ་དང་། ཕྱི་ནང་གི་སྐུ་མགྲོན་སོགས་བསྡོམས་པའི་མི་གྲངས་སུམ་བརྒྱ་ལྷག་འཛོམས།  དགོང་དྲོ་ཆུ་ཚོད་༢༢༣༠ ཙམ་སྒོར་གཞས་འཁྲབ་ནས་དུས་དྲན་སྲུང་བརྩི་མཇུག་སྒྲིལ། 

སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་གྱིས་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།