སུད་སི་མི་མང་གསར་འཕྲིན་ཚགས་ཤོག་འགྲེམ་སྤེལ་བྱས་ནས་ལོ་༢༥ ལྷག་ཕྱིན་པ།

༢༠༡༩ཟླ་༢ཚེས་༡༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་གི་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་ཚོགས་ཁང་ནང་དུ།སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གསར་འཕྲིན་དབུ་ཚུགས་ནས་མི་ལོ་༢༥་ལྷག་དང་།ཚོགས་ཤོག་འདོན་ཐེངས་༡༠༠ལོན་པར་ཆེད་དུ་བགྲོ་གླེང་མཛད་རིམ་ཞིག་གོ་སྒྲིག་ཞུས་སོང་།

མཛད་རིམ་འདིར་ཆིབས་སྒྱུར་སྐྱོང་བའི་སྐུ་མགྲོན་གཙོ་བོ་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་།སུད་སི་མི་མང་ཚོགས་གཙོ་འཚམ་མདའ་ནོར་བུ་ལགས།སུད་སི་མི་མང་ཚོགས་གཙོ་ཟུར་པ་དང་།གོང་འཁོད་གསར་འཕྲིན་གསར་པ་དབུ་འཛུགས་གནང་མཁན་གྱི་གྲས་སློབ་སྟོན་པ་འོར་པ་རིག་འཛིན་རྡོ་རྗེ་ལགས།གཞན་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་འཐུས་ཚོགས་སྐབས་བཅུ་དྲུག་པའི་འཐུས་མི་ཁག་ཅིག་བཅས།སུད་སི་མི་མང་ཚོགས་ཁང་ནང་དུ་གསར་འཕྲིན་ཀྱི་འདས་པའི་ལོ་༢༦རིང་བྱུང་རིམ་དང་།གསར་འཕྲིན་གྱི་དགོས་མཁོ།གསར་འཕྲིན་འདི་ལྟ་བུ་ཞིག་ནུབ་ཕྱོགས་ཡུ་རོབ་ཁུལ་དུ་དབུ་འཛུགས་ཇི་ལྟར་གནང་བའི་སྐོར་བཅས་ལ་བགྲོ་གླེང་དང་གཏམ་བཤད་སོགས་མང་པོ་གནང་སོང་།

མཛད་སྒོའི་ཐོག་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་ཚོགས་གཙོ། དེ་བཞིན་སྐབས་བཅུ་བདུན་པའི་ས་གནས་འཐུས་མི་ཁག་ཅིག་བཅས་ཀྱིས་གསར་འཕྲིན་གྱི་འདས་པའི་ལོ་རྒྱུས་དང་། གལ་གནད་རང་བཞིན་བཅས་ལ་གཏམ་བཤད་གནང་བའི་ནང་དོན་གཙོ་བོ་ནི། སུད་སི་ད་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གིས་སྐབས་དང་པོའི་འཐུས་མི་རྣམས་ཀྱིས། ༡༩༩༣ ལོའི་ཟླ་༧་ཚེས་༣ ཙམ་ནས་གསར་གནས་འདི་ལྟ་བུ་ཞིག་གསར་གཏོད་གནང་ཐུབ་པ་དང་། དེ་ཡང་ནུབ་ཕྱོགས་ཡུ་རོབ་སུད་སི་ལྟ་བུ་བོད་ཀྱི་རིག་གནས་དང་ཁོར་ཡུག་ཤིན་ཏུ་ཆུང་བའི་ལུང་པ་ཞིག་ནས་ཐོག་མར་བོད་ཡིག་གསར་འཕྲིན་འདོན་སྤེལ་གནང་རྒྱུའི་དགོངས་བཞེས་ཐུབ་པ་ནི་སྐབས་དེའི་འཐུས་མི་དང་། ཁྱད་པར་གསར་འཕྲིན་གསར་གཏོད་གནང་མཁན་མི་རབས་རྒན་པ་ཚོས་བྱས་རྗེས་རླབས་ཆེན་ཞིག་ཡིན་པ། གསར་འཕྲིན་འདིའི་ད་ལྟའི་བར་མི་ལོ་༢༥ ལྷག་རིང་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཡོངས་ལ་འབྲེལ་ལམ་གྱི་ནུས་པ་གསར་པ་ཐོན་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐད་ནུས་པ་མི་དམན་པ་ཐོན་ཡོད་པ། ནང་སྒོས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རིམ་པ་ཁག་གིས་བསྔགས་བརྗོད་གནང་ཡོད་པ་དང་། ཚགས་ཤོག་འདི་རྒྱ་བལ་འབྲུག་གསུམ་ནང་འགྲེམ་སྤེལ་གནང་བས་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་གིས་དོ་སྣང་བྱེད་གྱིན་ཡོད་པ། སུད་སི་རྒྱལ་ཡོངས་དཔེ་མཛོད་ཁང་དང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། ལྡི་ལིའི་དཔེ་མཛོད་ཁང་བཅས་ཀྱི་བོད་ཀྱི་ནུབ་ཕྱོགས་སྤྱི་ཚོགས་ནང་བོད་ཀྱི་གནས་སྟངས་དང་ལོ་རྒྱུས་འཁོད་པའི་ཡིག་ཚགས་བདག་ཉར་ཆེད་དོ་སྣང་ཆེན་པོ་དང་རྩ་ཆེན་པོས་བདག་ཉར་གནང་བཞིན་པའི་སྐོར་དང་། གཞན་གསར་འཕྲིན་འདི་ལ་ས་གནས་འཐུས་ཚོགས་སྐབས་རིམ་པས་རྒྱབ་སྐྱོར་དང་། དམིགས་བསལ་སུད་སི་བོད་མི་ཡོངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་ཐོག་ད་ལྟའི་རྒྱུན་གནས་ཐུབ་ཡོད་པ། ད་དུང་མུ་མཐུད་འཐུས་ཚོགས་དང་མི་མང་གིས་རྒྱབ་སྐྱོར་གནང་དགོས་རྒྱུ་ནི་མི་ཁ་ཤས་ཤིག་དང་། གསར་འཕྲིན་གྱི་རིན་ཐང་ངོ་མི་ཤེས་པའི་མི་རེ་ཟུང་ཞིག་གི་འདོད་པ་ཡོད་མེད་ཀྱི་གནད་དོན་ཙམ་མ་ཡིན་པར། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གསར་འཕྲིན་འདི་བཞིན་མུ་མཐུད་རྒྱུན་འཛིན་དང་ཡར་རྒྱས་གཏོང་དགོས་ངེས་ཀྱི་རིན་ཐང་དམིགས་བསལ་ལྡན་ཡོད་པའི་སྐོར་ནན་བརྗོད་གནང་སོང་།

གསར་འཕྲིན་དབུ་འཛུགས་གནང་མཁན་གྱི་གྲས་འོར་པ་རིག་འཛིན་རྡོ་རྗེ་ལགས་སུ་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གསར་འཕྲིན་དང་པོ་དབུ་འཛུགས་མཁན་ཞིག་ཡིན་པས་ཆ་ནས་གསར་འཕྲིན་འདི་གསར་གཏོད་གནང་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་བཅར་འདྲི་ཞུས་པར།ཁོང་གིས་བཀའ་ལན་གནང་དོན། ཕྱི་ལོ་༡༩༩༢-༡༩༩༥སྐབས་ཀྱི་འཐུས་མི་རྣམ་པའི་ལས་དུས་རིང་སུད་སི་ནང་བོད་མི་སྤྱི་པའི་ལས་དོན་མང་ཙམ་སྒྲུབ་དགོས་པའི་འགན་འཁྲི་ཡོད་པ་བཞིན་དེ་ལྟར་ཞབས་ཞུ་གང་ཐུབ་སྒྲུབ་ཐབས་ཞུས་པའི་ལོ་རྒྱུས་རྣམས་སུད་སིའི་ང་ཚོའི་མང་ཚོགས་ནང་གསལ་པོ་དང་ཁྱབ་ཆེན་པོ་ཡོང་ཐུབ་ཀྱི་ཡོད་མ་རེད། ལྷག་པར་དུ་བོད་ནང་གཞིས་ལུས་སྤུན་ཟླ་རྣམས་ལ་རྒྱ་དམར་བཙན་འཛུལ་བས་མནར་གཅོད་བཏང་དང་གཏོང་བཞིན་པའི་གནས་ཚུལ་རྣམས་ཕྱི་རྒྱལ་རང་དབང་དམངས་གཙོའི་རྒྱལ་ཁབ་ས་གནས་ག་པར་བཞུགས་ཡོད་ནའང་བྱེས་འཁོད་བོད་མི་ཚང་མས་རྒྱུན་ཆད་མེད་པའི་ལས་འགུལ་སྤེལ་སྐབས་༡༩༥༩བར་བོད་རྒྱལ་ཁབ་ཚད་ལྡན་རང་བཙན་ཡིན་པའི་བདེན་པའི་ལོ་རྒྱུས་འཛམ་གླིང་མི་མང་ལ་ཁྱབ་བསྒྲགས་བྱ་དགོས་ཀྱི་ལས་འགན་གཙོ་ཆེར་འཛིན་དགོས་པ་ཨ་ཅང་ཅང་།དེ་འདྲ་ཡིན་ཙང་།རྒྱ་ནག་དམར་པོའི་འགོ་ཁྲིད་ཁག་མཚམས་རེ་སུད་སི་དང་ཉེ་འགྲམ་རྒྱལ་ཁབ་ནང་འབྱོར་དུས།བོད་དུ་རྫུན་གཏམ་མགོ་སྐོར་ཁོ་ནའི་ངང་ནས་བཙན་འཛུལ་བྱས་པར་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་བྱས་རིམ་སྐོར་རྒྱ་བལ་འབྲུག་གསུམ་སོགས་རྒྱལ་ཁབ་གཞན་ལའང་གནས་པའི་སྤུན་ཟླ་རྣམས་ལ་དེ་དུས་གནས་ཚུལ་དེ་ཚོ་ཡག་པོ་ཁྱབ་ཐུབ་ཀྱི་མེད་པའི་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད་པས་འཐུས་མིའི་ཚོགས་འདུའི་ནང་གྲོས་བསྡུར་བགྲོ་གླེང་བྱས་རྗེས་གསར་འཕྲིན་ཞིག་དགོས་གལ་ཆེ་བ་མཐོང་བས་དེ་ལྟར་འགོ་འཛུགས་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་བ་བཞིན་སྐབས་དེའི་ཚོགས་ཆུང་ཝཏ་ཝིལ་གྱི་ལས་ཐོག་འཐུས་མི་རུ་བྱང་ཐུབ་བསྟན་སྙན་གྲགས་ལགས་ནས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་སྟེ་༡༩༩༣ཕྱི་ཟླ་༧་ཚེས་༣གསུམ་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་༼སུད་སི་བོད་རིགས་མི་མང་གསར་འཕྲིན།༽ཞེས་པའི་འདོན་ཐེངས་དང་པོ་དེའི་འགྲེམ་སྤེལ་སྒོ་འབྱེད་ཞུས་པ་རེད།

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སྡོམས་རོགས།