སུད་སི་བོད་སློབ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་གཉིས་པ།

༢༠༢༡ ཟླ། ༩ ཚེས། ༢༥ ཉིན་སུད་སི་དང་ལིག་ཏེན་སིཊཡན་ནང་བོད་སློབ་ཁག་གི་འགན་འཛིན་ལྷན་འཛོམས་ཀྱིས་ཚོགས་ཆེན་གཉིས་པ་དེ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་ཁང་དུ་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀ་ནས་ཕྱི་དྲོ་ཕྱག་ཚོད་གསུམ་པའི་བར་ཚོགས་ཡོད་པ་དང་ཚོགས་ཆེན་གྱི་སྐུ་མགྲོན་དུ་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་དང་། དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་དང་ཚོགས་གཞོན་བསྟན་འཛིན་དབང་འདུད་ལགས་བཅས་ཀྱང་ཕེབས་ཡོད།

ཚོགས་ཆེན་དུ་ས་གནས་བོད་སློབ་ཁག་གི་འགན་འཛིན་གཉིས་མ་གཏོགས་ཚང་མ་བཅར་ཐུབ་པ་བྱུང་ཡོད། མཛད་རིམ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་ཡོད།
དེའི་རྗེས་རིམ་བཞིན་བོད་སློབ་འགན་འཛིན་རྣམ་པས་ངོ་སྤྲོད་མདོར་བསྡུས་དང་། ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ནས་དགའ་བསུའི་གསུང་བཤད། མགྲོན་གྱི་གཙོ་བོ་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་ནས་བཀའ་སློབ་ལམ་སྟོན། བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ནས་ལས་བསྡོམས་ཁག་སྙན་གསེང་། ཉིན་གུང་གསོལ་ཚིགས་རྗེས་སུ་མ་འོངས་ལས་འཆར་ཁག་ལ་བགྲོ་གླེང་ལྷུག་པོ་གནང་བ་སོགས་ཆ་ཚང་བསྒྲུབས་རྗེས་ཕྱག་ཚོད་གསུམ་པ་ཏག་ཏག་ལ་ཚོགས་ཆེན་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ་ཡིན།

ཚེ་དབང་མུན་སེལ་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 4 སྡོམས་རོགས།