སུད་སི་བོད་སློབ་འགན་འཛིན་གྱི་ཚོགས་ཆེན་ཐེངས་དང་པོ།

༢༠༢༡ ཟླ། ༥ ཚེས། ༣༠ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཡོད་པའི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་ཁང་ནང་དེ་རིང་སྐབས་བཅོ་བརྒྱད་པའི་དུས་ཡུན་གྱི་ཐེངས་དང་པོར་སུད་སི་དང་ལིག་ཏེན་ སིཊཡན་བོད་སློབ་སྤྱི་ཁྱབ་འགན་འཛིན་ནས་གོ་སྒྲིག་གིས་ས་གནས་བོད་སློབ་འགན་འཛིན་ཡོངས་རྫོགས་གདན་ཞུས་ཀྱིས་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་སོ་སོའི་ས་གནས་སུ་ཡོད་པའི་བོད་སློབ་ཁག་ཡར་རྒྱས་གོང་འཕེལ་གཏོང་ཕྱོགས་དང་འབྲེལ་ལས་འཆར་སྣ་ཚོགས་ཞིག་སྤེལ་ཕྱོགས་སྐོར་ཚོགས་ཆེན་ཐེངས་དང་པོ་ཚོགས་ཐུབ་པ་བྱུང་ཡོད།


ཚོགས་ཆེན་དུ་དམིགས་བསལ་སྐུ་མགྲོན་དུ་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཕེབས་ཡོད་པ་དང་བོད་སློབ་དང་འབྲེལ་བའི་གནད་དོན་གང་ཅིར་རྒྱབ་སྐྱོར་གྱི་ཞལ་བཞེས་དང་དགའ་བསུའི་གསུང་བཤད་ཀྱང་གནང་ཡོད།

ཇི་ལྟར་འབོད་སྐུལ་ཞུས་པ་ལྟར་སུད་སི་སྐུ་ཚབ་དོན་ཁང་ནས་ཀྱང་དེ་རིང་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཚོགས་ཆེན་འདི་ལྟ་བུ་ཚོགས་ཐུབ་པར་བསྔགས་བརྗོད་དང་སྦྲགས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཅེས་ཉར་གནང་དགོས་པའི་ལམ་སྟོན་གསུང་འཕྲིན་ཕེབས་པ་དེ་སྤྱི་ཁྱབ་འགན་འཛིན་ནས་ཚོགས་ཆེན་སྟེང་སྒྲོགས་སྦྱང་ཞུས།

ཚོགས་ཆེན་སྟེང་ས་གནས་བོད་སློབ་འགན་འཛིན་གཉིས་མ་གཏོགས་དེ་བྱིངས་འགན་འཛིན་ཆ་ཚང་ཕེབས་ཡོད་པ་མ་ཟད་ཚོགས་བཅར་བ་ཡོངས་ནས་ཐོག་མར་རང་ཉིད་སོ་སོའི་ངོ་སྤྲོད་དང་དེ་བཞིན་ས་གནས་སོ་སོའི་བོད་སློབ་ཀྱི་གནས་སྟངས་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས། དེ་བཞིན་སྤྱི་ཁྱབ་འགན་འཛིན་ནས་བཏོན་པའི་འཆར་སྣང་དང་ལས་འཆར་ཞེས་པའི་དོན་ཚན་བཅུ་ཞིག་ཡོད་པ་དེའི་སྟེང་བགྲོ་གླེང་ལྷུག་པོ་དང་། ས་གནས་བོད་སློབ་འགན་འཛིན་ཁག་ཅིག་ནས་ཉམས་མྱོང་གི་ཐོག་ནས་དགོངས་འཆར་དང་བོད་སློབ་ཁག་ཡར་རྒྱས་གཏོང་ཕྱོགས་སྐོར་བསམ་ཚུལ་བརྗེ་ལེན་དང་སྦྱངས་བཤད་གང་ལེགས་གནང་བ་མ་ཟད་སྤྱི་ཁྱབ་འགན་འཛིན་ནས་ཀྱང་དེ་རིང་གི་ཉིན་མོར་དགོངས་འཆར་གང་དང་གང་བྱུང་ཡོད་པ་རྣམས་ཡིག་ཐོག་ཏུ་བཞག་པ་ཙམ་མིན་པར་ལག་བསྟར་བྱ་རྒྱུའི་ཁས་ལེན་ཡང་བྱས་ཡོད།

དེ་རིང་གི་ཚོགས་ཆེན་དེ་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀ་ནས་ཕྱི་དྲོ་ཕྱག་ཚོད་གསུམ་དང་ཕྱེད་ཀ་བར་སྐར་ཆ་གཅིག་ཀྱང་ཆུད་ཟོས་སུ་མི་འགྲོ་བར་བྱས་ཏེ་ཀུན་གྱིས་དུས་ཚོད་གཅེས་འཛིན་ཐོག་ཕན་ནུས་ལྡན་པའི་དགོངས་འཆར་ལྷུག་པོ་གནང་ཐུབ་པ་བྱུང་ཡོད།

ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ཕྱི་དྲོའི་གསོལ་ཚིགས་སུ་དཀར་སྐྱོང་གི་བཞེས་མོག་དང་བཞེས་འབྲས་བརྔོས་མ་སོགས་སུ་རོལ་བ་དང་། མཐར་སྤྱི་ཁྱབ་འགན་འཛིན་ནས་འཆི་གསོན་གཉིས་ཀྱི་མཚམས་སུ་སླེབས་པའི་བོད་ཀྱི་སྐད་ཡིག་དེ་གཅེས་སྐྱོང་ཇི་ལྟར་བྱ་ཚུལ་སྐོར་གྱི་ལམ་སྟོན་ཁག་ཅིག་རེ་སྐུལ་དང་བཅས་བརྗོད་ནས་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་ལོ། །

ཚེ་དབང་མུན་སེལ་ནས་ཕྱོགས་བསྡུས་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སམས་རགས།