སུད་སི་བོད་སློབ་ཁག་གི་བོད་སྐད་འགྲན་བསྡུར་ཐེངས་བཞི་པ།

སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་བོད་སློབ་འགན་འཛིན་སྟག་ལྗང་འཆི་མེད་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། ཐེངས་འདིའི་བོད་སྐད་འགྲན་བསྡུར་འདི་ནི་ཐེངས་བཞི་བ་ཆགས་ཡོད་པ་དང་། སྔོན་ཆད་གནས་སེང་གྷ་ལེན་ནང་དུ་བོད་དགེ་དཀོན་མཆོག་ལགས་ཀྱིས་སྣེ་ཁྲིད་དེ་སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་ཕ་སྐད་གཙང་མའི་འགྲན་བསྡུར་ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སུད་སིར་ཕེབས་སྐབས་ཤིག་ལ་ཡུ་རོབ་ཁུལ་གྱི་བོད་སློབ་ཁག་གི་དགེ་ལས་ལྷན་འཛོམས་ཤིག་གནང་སྟེ། བོད་སྐད་འགྲན་བསྡུར་གྱི་ལས་གཞི་འདི་སུད་སི་ལེག་ཏན་སིཊཡན་བོད་རིགས་མི་མང་བོད་སློབ་ཁག་གིས་འགན་བཞེས་རྒྱུ་བྱས་ཡོད་པ་དང་། ད་རེབ་ཀྱི་འགྲན་བསྡུར་འདི་སུད་སི་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་སློབ་ཁག་གིས་རྩིས་ལེན་བྱས་རྗེས་ཀྱི་ངོས་ནས་བཤད་ན་ཐེངས་བཞི་བ་དེ་ཆགས་ཡོད། ཅེས་དང་། བོད་སྐད་ཡིག་འགྲན་བསྡུར་བྱེད་སྟངས་རྩ་བའི་མི་འདྲ་བ་མང་པོ་གནང་ཡོད་པ་དང་། ད་ལོ་ཡིན་ན་ས་གནས་ཁག་གི་བོད་སློབ་བར་འགྲན་བསྡུར་བྱས་ཡོད་པ་དང། སྔར་ལོ་ཡིན་ན་སུད་སིའི་བོད་སློབ་ཀྱི་སློབ་ཕྲུག་ཚང་མ་སྡེ་ཚན་མི་འདྲ་བ་སོར་བགོས་ཏེ་འགྲན་བསྡུར་གནང་ཡོད་རེད། འདི་ལྟར་བོད་སྐད་ཡིག་འགྲན་བསྡུར་མུ་མཐུད་སྤེལ་དགོས་པའི་དམིགས་ཡུལ་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བོད་པའི་སློབ་ཕྲུག་ཚོར་བོད་ཡིག་དང་བོད་སྐད་སྦྱོང་རྒྱུའི་གོ་སྐབས་ཧ་ཅང་ཉུང་སྟབས་བོད་ཡིག་བོད་སྐད་ཐད་ཉམས་རྒུད་འགྲོ་བཞིན་པའི་གནས་སྟངས་ལ་དམིགས་གནས། བོད་པའི་སློབ་ཕྲུག་ཚོས་བོད་སྐད་དང་བོད་ཡིག བོད་པའི་གོམས་གཤིས་བཅས་མི་ཉམས་རྒྱུན་འཛིན་གནང་ཆེད་ཡིན་པ་རེད། ཅེས་སོགས་གསུངས་སོང་།

ཐེངས་འདིའི་བོད་སྐད་ཡིག་འགྲན་བསྡུར་ནང་། བོད་ཀྱི་སྣོད་བཅུད་མཚོན་པའི་རི་མོ་འགྲན་བསྡུར་དང་། བོད་ཀྱི་ཡིག་གཟུགས་འགྲན་བསྡུར། ཡིག་ཡིག་ཀློག་སྟངས་འགྲན་བསྡུར། བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་འགྲན་བསྡུར། བོད་དང་འབྲེལ་བའི་དྲི་རྩལ་འགྲན་བསྡུར། བོད་ཀྱི་རིག་གཞུང་གླེང་བའི་གཏམ་བཤད་འགྲན་བསྡུར། བོད་སྐད་ཀྱི་རྐྱང་གཞས་དང་ཟུང་འབྲེལ་གླུ་གཞས་འགྲན་བསྡུར། འཁྲབ་གཞས་འགྲན་བསྡུར་བཅས་སྡེ་ཚན་བརྒྱད་ལ་བགོས་ཏེ་འགྲན་བསྡུར་གནང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སམས་རགས།