སུད་སི་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ལོ་དུས་གཉིས་པའི་ཚོགས་ཐེངས་༢ བའི་ཐོག་གྲོས་ཆོད་གལ་ཆེན་ཁག་ཅིག་བྱུང་ཡོད་འདུག

༢༠༢༠ཟླ་༢ཚེས་༠༡ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་འཐུས་ཚོགས་ལོ་དུས་གཉིས་པའི་ཚོགས་ཐེངས་༢པ་སུད་སི་ཛུ་རིག་གྲོང་ཁྱེར་ས་གནས་བྷིན་ཛི་ཚོགས་ཁང་དུ་དུས་ཚཽད་༡༠པ་ནས་༡༢།༠༠བར་གྲོས་ཚོགས་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། མཛད་རིམ་གྱི་ཐོག་མར་ཚོགས་དྲུང་མཆོག་ནས་དབུ་འཛུགས་ཀྱི་མཛད་རིམ་སྙན་སྒྲོན་ཞུས་་རྗེས། གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། འཐུས་མི་རྣམས་སྐུ་གཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་སྐར་མ་གཅིག་རིང་མྱ་ངན་གནང་རྗེས་ཚོགས་དྲུང་ནས་ཚོགས་འདུ་གྲུབ་ཆ་ལོང་ཡོད་མེད་སྙན་གསེང་ཞུས། དེ་བཞིན་དཔལ་ལྡན་ཚོགས་གཙོ་མཆོག་གི་ལས་རིམ་དངོས་གཞི་དབུ་འཛུགས་གནང་།

 

སུད་སི་བོད་རིགས་མི་མང་འཐུས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཐེངས་འདིའི་ཚོགས་དུས་ཐོག་གཏམ་བཤད་གནང་དོན། ལོ་དུས་གཉིས་པའི་ནང་གལ་ཆེའི་ལས་དོན་ཁག་ཅིག་ཚང་མས་འབད་བརྩོན་ཐོག་ལེགས་གྲུབ་བྱུང་ཟིན་པ་དང་།གཞན་ནང་སྲིད་བཀའ་བློན་དང་།  འོས་བསྡུ་འགན་འཛིན་དཔལ་ལྡན་སྲིད་སྐྱོང་བཅས་སུད་སིར་ནང་ཕེབས་གནང་སྟེ་མི་མང་ལ་བཀའ་སློབས་དང་། ཡུ་རོབ་ཕྱོགས་བཞུགས་སྤྱི་འཐུས་རྒན་དབང་ཆེན་ལགས། རྒྱལ་གཅེས་དཔའ་བོ་དོན་འགྲུབ་དབང་ཆེན་ལགས་སོགས་ཕྱོགས་ཕེབས་གནང་སྟེ། སུད་སི་མི་མང་གི་ངོས་ནས་དེ་འབྲེལ་གོ་སྒྲིག་དང་ཞབས་ཞུ་གང་ལེགས་བྱས་པའི་གོ་སྐབས་བཟང་པོར་བྱུང་ཡོད་།ཅེས་སོགས་ཀྱི་གཏམ་གནང་ཡོད། དེ་རྗེས་མུ་མཐུད་འཐུས་མི་སོ་སོས་མ་འོངས་པའི་བོད་ཀྱི་རྩ་དོན་སྤྱི་དང་། ལྷག་དོན་སུད་སི་བོད་རིགས་མི་མང་གི་གནས་སྟངས་དང་། ལྷག་དོན་༧གོང་ས་མཆོག་ལ་བོད་རིགས་ནང་ཁུལ་དུ་གཞི་མེད་སྐུར་འདེབས་སོགས་བྱུང་བཞིན་པ་སོགས་ཀྱི་ཐད་དགོངས་ཚུལ་ལྷུག་པོ་བྱུང་རྗེས། གཞུང་འབྲེལ་གྲོས་ཆོད་ཁག་ཅིག་གཏན་འབེབ་བྱུང་ཡོད།

གཞུང་འབྲེལ་གྲོས་ཆོད་དང་པོ།

བོད་མིའི་བླ་ན་མ་མཆིས་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་དང་མཚན་སྨད་སྒྲོ་སྐུར་ཞུ་མཁན་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། གལ་སྲིད་དགོས་གལ་བྱུང་ཚེ། སུད་སི་སྐུ་ཚབ་དོན་གཅོད་མཆོག་གི་ལམ་སྟོན་འོག་ས་གནས་གཞུང་གི་ཁྲིམས་ཐོག་ལ་སྐྱེལ་རྒྱུ་སྤྱི་མོས་གཏན་འབེབ།

གཞུང་འབྲེལ་གྲོས་ཆོད་གཉིས་པ།

སུད་སི་དང་ལིགཏེན་སིཊཡན་བོད་རིགས་མི་མང་སྒྲིགས་འཛུགས་སྲ་བརྟན་ཡོང་སླད་ཚོགས་མི་ཡོངས་ནས་དཱངས་བླངས་སྤྱི་དངུལ་བསྡུ་འབུལ་བྱ་རྒྱུའི་གྲོས་ཆོད་གཏན་འབེབ།

ཟླ་རེའི་འཐུས་མི་ཚོགས་འདུ་སྔ་ཕྱི་རིམ་པའི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ལ་གཏན་འཇགས་མ་དངུལ་ཡོང་ཆེད་ས་གནས་ཚོགས་མི་ཡོངས་ནས་སྤྱི་དངུལ་བསྡུ་འབུལ་བྱ་རྒྱུའི་གྲོས་བསྡུར་བྱུང་ཡོད་པ་དང་ཕྱི་ལོ་༢༠༢༠ཟླ་༡ཚེས་༡༨ཉིན་རྒྱུན་ལས་ཚོགས་འདུའི་སྐབས་དཱངས་བླངས་སྤྱི་དངུལ་ས་གནས་ཚོགས་མི་རང་ལོ་༡༨ཡན་ཡོངས་ནས་ལོ་རེ་སྒོར་༡༠ཞལ་འདེབས་ཀྱི་ཚུལ་དུ་བསྡུ་འབུལ་བྱ་རྒྱུའི་གྲོས་གཞི་ལོ་དུས་གཉིས་པའི་ས་གནས་འཐུས་ཚོགས་ཐེངས་གཉིས་པར་འདོན་རྒྱུའི་མང་མོས་ཐག་གཅོད་བྱུང་།

 

གསར་འགོད་པ། ཝང་དཀར་ཚེ་རིང།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སྡོམས་རོགས།