སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཞོན་འབྱོར་ལྡན་ཁང་གསར་ནོར་འཛོམས་ལགས་ལ་བུད་མེད་ཚོགས་པའི་ཕྱག་ལས་དང་དམིགས་ཡུལ་སྐོར་བཅར་འདྲི།

དྲི་བ། དང་པོ་ཚོགས་པ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན།            སུད་སི་བུད་མེད་ཚོགས་པ་ཐོག་མ་ ༡༩༨༨ འཚོགས་ཏེ་ད་ལོ་མི་ལོ་ ༣༡ ཧྲིལ་པོ་འཁོར་བཞིན་ཡོད། ཟླ་ཤས་གོང་དུ་ང་ཚོ་རྒྱུན་ལས་གསར་འདེམས་བྱུང་བ་གུས་མོ་རང་ཚོགས་གཞོན་དུ་འོས་འདེམས་བྱུང་བ་ཞིག་ཡིན། རྒྱུན་ལས་ཀྱི་དུས་ཡུན་ལོ་ཚད་༢ རེད། དེ་རྗེས་ཡང་རྒྱུན་ལས་གསར་འདེམས་གནང་དགོས་ཀྱི་ཡོད། སྐབས་འདིའི་རྒྱུན་ལས་ནང་ང་ཚོ་ཚོགས་གཙོས་གཙོས་པའི་མི་བརྒྱད་ཀྱིས་ལས་འགན་འཁུར་བཞིན་ཡོད། ཚོགས་མི་ཁྱོན་བསྡོམས་ ༢༥༠ ཙམ་ཡོད། ཚོགས་ཆུང་ཁག་ལྔ་ཡོད་པ་དེ་རྣམས་ནི། ཚོགས་ཆུང་ལྷག་བསམ་སྒྲོལ་མ་དང་། ཚོགས་ཆུང་གངས་ཅན་བློ་མཐུན། ཚོགས་ཆུང་པདྨ། ཚོགས་ཆུང་ཡུམ་མཚོ། ཚོགས་ཆུང་དོན་ལྡན་བཅས་ཡིན། དེ་དག་ནི་སུད་སིའི་གྲོང་ཁྱེར་ཛུ་རིག་མངའ་ཁུལ་དང་ཉེ་བའི་ས་ཕྱོགས་ཁག་ནས་ཡིན།

དྲི་བ། ཚོགས་པའི་དམིགས་ཡུལ་དང་ཕྱག་ལས་སྐོར་ག་རེ་ཡིན་ནམ།

སུད་སི་བོད་ཀྱི་བུད་མེད་ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་གི་དགོངས་བཞེད་ཇི་བཞིན་ལས་འགན་འགྲུབ་རྒྱུར་འབད་བརྩོན་གནང་བཞིན་ཡོད་པ་དང་། ས་གནས་བོད་ཀྱི་བུད་མེད་ཀྱི་དཀའ་ངལ་སེལ་ཐབས་སམ་ཕན་ཚུན་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་ཐབས། ཕྱི་མིར་བོད་ཀྱི་བདེན་པའི་འཐབ་རྩོད་སོགས་གོ་རྟོགས་སྤེལ་ཐབས། འདི་གར་བོད་ཀྱི་བུད་མེད་ཚོགས་པ་ཚུགས་ནས་ལོ་ངོ་སུམ་ཅུའི་རིང་དམིགས་ཡུལ་དེ་དག་གྲུབ་ཐབས་ཆེད་སྔ་ཕྱིས་བར་གསུམ་དུ་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ཀྱི་ལས་འགན་བཞེས་མཁན་རྣམས་ནས་སྐུ་ངལ་མང་དག་ཅིག་བསྐྱོན་ཡོད། ཚོགས་པའི་ནང་དུ་ཆབ་སྲིད་དང་། ཆོས་དང་རིག་གཞུང་། དེ་བཞིན་ཟློས་གར་ཚོགས་ཆུང་བཅས་ཡོད།ཉེ་བའི་ཆར་འཛམ་གླིང་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ཡོང་ཐབས་ལ་ཆེད་དུ་གཉེར་བའི་ཇི་ནི་ཝ་ལྷན་ཚོགས་ཐོག་བོད་ནང་གི་དཀའ་སྡུག་སྐོར་དང་། པཎ་ཆེན་རིན་པོ་ཆེ་མཆོག་འཕྲལ་དུ་གློད་བཀྲོལ་དགོས་སྐོར་ལས་འགུལ་སྤེལ་ཡོད་ཅིང་། དེ་བཞིན་བོད་ཀྱི་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་གཟབ་སྦྱོང་ལོ་རེར་ཐེངས་གཉིས་རེ་གྲ་སྒྲིག་ཞུ་བཞིན་ཡོད། བོད་ཀྱི་ཞབས་གཞས་ལ་དོ་སྣང་ཡོང་ཆེད་སྒོར་གཞས་གྲ་སྒྲིག་ཀྱང་ཞུ་བཞིན་ཡོད། དུས་དུས་སུ་༧གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གྲུབ་པ། ཚོགས་པ་ཁག་གཞན་རྣམས་ནས་སྤེལ་བའི་ལས་འགུལ་ཁག་ལ་རྒྱབ་སྐྱོར་དང་མཉམ་རོགས་ཞུ་གི་ཡོད།

དྲི་བ། ཚོགས་མི་དང་ཚོགས་ཆུང་གསར་ཚུགས་གནང་རྒྱུའི་སྐོར་ནས་བཀའ་མོལ་ཞིག་གསུང་གནང་རོགས།

སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཧུར་ཐག་གིས་སྐུ་ངལ་བསྐྱོན་བཞིན་ཡོད། འོན་ཀྱང་ང་ཚོར་ཚོགས་མི་ད་དུང་གང་མང་དགོས་ཀྱི་ཡོད། འདི་སྐོར་གུས་མོས་འབོད་བསྐུལ་ཞུ་འདོད་ཀྱང་ཡོད། སུད་སིར་གནས་བཞུགས་བོད་ཀྱི་བུད་མེད་རྣམས་ཚོགས་པའམ། སྒྲིག་འཛུགས་ཤིག་གི་ནང་འཛུལ་ཞུགས་གནང་རོགས་གནང་ཞུ་རྒྱུ་ཡིན། གང་ལ་ཞུས་ན། བུད་མེད་ཚོགས་པ་ལྟ་བུར་འཛུལ་ཞུགས་གནང་སྟེ་བོད་པའི་སྤྱི་ཚོགས་ལ་ཕན་པའི་གྲུབ་འབྲས་ཤུགས་ཆེར་ཐོན་ཐུབ་པའི་ནུས་པ་ཡོད། འདི་ག་སུད་སིར་བཞུགས་པའི་བུད་མེད་མང་དག་དེང་དུས་ཀྱི་ཤེས་ཡོན་དང་ལྡན་ཞིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དོ་སྣང་ཡོད་པ་རྣམས་ནས་ངེས་པར་དུ་ཚོགས་པར་འཛུལ་ཞུགས་གནང་རོགས་ཞུ་རྒྱུ་ཡིན།

སུད་སིའི་ས་གནས་གཞན་ཁག་ཏུ་ཚོགས་ཆུང་གསར་ཚུགས་གནང་རྒྱུའི་སྐོར་ང་ཚོས་མུ་མཐུད་ཤུགས་རྒྱག་བཞིན་ཡོད། འདི་སྐོར་ལོ་སྔོན་ང་ཚོའི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་འདི་ཕྱོགས་དངོས་སུ་ཕེབས་ཏེ་ས་གནས་སྦ་སེལ་དུ་དེའི་སྐོར་བཀའ་མོལ་གནང་ཡོད། འོན་ཀྱང་ད་བར་ས་གནས་ཚོགས་ཆུང་གཞན་བཙུགས་ཐུབ་མེད་ཀྱང་རིམ་པས་བུད་མེད་ས་གནས་གཞན་དུ་བཞུགས་པ་ཪྣམས་ཀྱིས་ཚོགས་པ་བཙུགས་ཐབས་ལ་འབད་བརྩོན་གནང་སྟེ་ང་ཚོ་མཉམ་རུབ་ཀྱི་ཕྱག་ལས་གནང་བར་དགའ་བསུ་ཞུ་གི་ཡོད།

དྲི་བ། ཉེ་ཆར་གནང་བའི་ལས་འགུལ་ཁག་གི་སྐོར་ངོ་སྤྲོད་ཅིག་གནང་རོགས།

དོན་གྲུབ་དབང་ཆེན་ལགས་འདི་ག་ཇི་ནི་ཝ་ཚོགས་ཆེན་དུ་གདན་ཞུ་གནང་ཐུབ་ཡོད་པ་དང་། གོ་ལོག་འཇིགས་མེད་ལགས་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་ཀྱི་དངོས་ཡོད་གནས་སྟངས་དང་རང་ཉིད་བཙོན་འཇུག་སྐོར་སོགས་ཀྱི་གསུང་བཤད་གནང་བས་འཛམ་གླིང་ཡོངས་ཀྱིས་གསལ་པོར་ཤེས་རྟོགས་བྱུང་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ་དང་ཆབས་ཅིག་པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་དགོས་ཞེས་རྒྱ་ནག་གཞུང་ཚབ་མདུན་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད། མ་འོངས་འཆར་གཞིའི་སྐོར་ད་ལྟ་འདིར་ཞུ་ཐབས་བྲལ། སྤྱིར་བཏང་སྐབས་བབས་ཀྱི་གནས་སྟངས་ལ་བསྟུན་པ་དང་། སུད་སིའི་ནང་བོད་དང་འབྲེལ་བའི་ཚོགས་པ་ཆེ་ཁག་སུད་བོད་མཛའ་འབྲེལ་ཚོགས་པ་དང་གཞོན་ནུ་ལ་སོགས་པ་དེ་དག་དང་མཉམ་སྦྲེལ་ཐོག་ཕྱག་ལས་མུ་མཐུད་གནང་བཞིན་ཡོད།

དྲི་བ། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང་འབྲེལ་ལམ་སྐོར།

སུད་སི་བོད་ཀྱི་བུད་མེད་ཚོགས་པ་དེ་བཞིན་དབུས་བོད་ཀྱི་བུད་མེད་ཚོགས་པའི་ཁོངས་གཏོགས་ཤིག་ཡིན། འདི་ག་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་ཚོགས་དངུལ་གྱི་དོད་ནས་བརྒྱ་ཆ་བཅུ་ཞིག་དབུས་ཚོགས་པར་འབུལ་གྱི་ཡོད་ཅིང་། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་ལ་སོགས་པའི་དུས་ཚེས་ཁྱད་པར་ཅན་ལ་དབུས་ཚོགས་པའི་གསུང་འཕྲིན་ང་ཚོར་གནང་སྲོལ་ཡོད། དབུས་ཀྱི་ཚོགས་གཙོ་འདི་ག་སུད་སིར་ཕེབས་སྐབས་ཁོང་ལ་ཕེབས་བསུ་དང་འབྲེལ་བའི་གྲ་སྒྲིག་ཞུ་དགོས་པ་ཡིན།

དྲི་བ། གོ་སྐབས་འདི་བརྒྱུད་ཁྱེད་ནས་ང་ཚོ་བོད་ཀྱི་བུད་མེད་རྣམས་ལ་རེ་བའམ་འབོད་བསྐུལ་ཞུ་འདོད་ཡོད་དམ།

ང་ཚོ་བུད་མེད་རྣམས་ནས་སྤྱི་པའི་ལས་འགན་འགྲུབ་རྒྱུར་མཉམ་ཞུགས་གནང་དགོས་པ་གལ་ཆེན་པོ་མཐོང་བ་དེ་འདྲར་བརྟེན། བུད་མེད་ཚོགས་པ་ལྟ་བུར་ཚོགས་པར་དངོས་སུ་འཛུལ་ཞུགས་གནང་ན་ཕན་ཁྱད་ཆེན་པོ་ཡོད་ཅེས་བསྐྱར་དུ་རེ་འབོད་ཞུ་རྒྱུ་ཡིན། སྤྱི་པའི་ལས་འགན་འཁྱེར་རྒྱུར་ལོ་གཞོན་བུད་མེད་རྣམས་ཀྱིས་གནང་རྒྱུ་དུས་ལ་བབས་པ་རེད་ཅེས་ཞུ་རྒྱུ་དེ་ཙམ་ཡིན། མཐའ་མར་འདི་ག་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་རྒྱུན་ལས་དང་བཅས་པ་སྔ་ཕྱིས་ཕྱག་ལས་གནང་མཁན་ཚང་མརབསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།

བཅར་འདྲི་གནང་མཁན། བློ་བཟང་བསྟན་འཛིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།