སུད་སི་ནང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་འགུལ།

ཕྱི་ལོ་༢༠༡༣ལོའི་ཟླ༥ ཚེས༡༧་ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་པ་ནས་བརྒྱད་དང་ཕྱེད་ཀའི་བར་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་དང་། སུད་སི་འཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུའང་དེ་བཞིན་གྱི་སྐད་འབོད་ལས་འགུལ་ཞིག་སྤེལ་ཡོད་འདུག ལས་འགུལ་འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བོད་པ་འདུས་སྡོད་བྱེད་ཡུལ་འཛམ་གླིང་རྒྱལ་སྤྱིའི་ཡུལ་གྲུག་ཁག་ནང་། རྒྱ་དམར་གྱིས་བོད་མིར་གདུག་རྩུབ་དྲག་པོས་མནར་གཅོད་ཚད་མེད་བཏང་རྐྱེན་ལ་བོད་མི་དཔའ་བོ་དཔའ་མོ་གྲངས་༡༡༧ ཙམ་གྱིས་ལུས་མེར་བསྲེགས་བཏང་ཟིན་པ་དང་། མི་ལོ་༡༨ གོང་ནས་པཎ་ཆེན་ཆུང་སྲིད་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ད་དུང་གར་ཡོད་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་སྟངས་ཐད་རྒྱལ་སྤྱིའི་བོད་ཀྱི་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་དགོས་པའི་བཀའ་ཁྱབ་བཞིན་ལས་འགུལ་སྤེལ་བ་ཞིག་དང་། བོད་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་ཉམས་ཞིབ་ཚོགས་ཆུང་ངེས་གཏོང་དགོས་པའི་དགོས་འདུན། དེ་བཞིན་རྒྱ་གཞུང་གིས་དྲག་པོའི་སྲིད་བྱུས་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་པ་ཡིན་འདུག

རྔམ་སྟོན་ལས་འགུལ་འདི་ཉིད་གྲོང་ཁྱེར་ཛུ་རིག་ནང་གི་མེ་འཁོར་འབབ་ཚིགས་ཉེ་འགྲམ་སྦུས་རུགལི་སྤི་ལཱ་ཛ་རུ་སུད་སི་རི་ཀོན་མཁན་རིན་པོ་ཆེ་མཆོག་དང་། ཡུ་རོབ་སྤྱི་ཟུར་རྣམ་པ། སྐུ་ཚབ་དོན་གཅོད།  ས་གནས་འཐུས་མི་རྣམ་པ། གཞན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམས་ཀྱིས་གཙོས་པའི་མི་མང་གསུམ་བརྒྱ་མ་ཟིན་ཙམ་འདུ་འཛོམས་ཐོག་མི་མང་ཚོགས་གཞོན་ནས་ལས་རིམ་གཙོ་སྐྱོང་གནང་བའི་ཐོག ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་རྗེས་མི་མང་གིས་ཁྲོམ་གཞུང་བརྒྱུད་རྒྱ་ནག་གཞུང་ཚབ་མདུན་བར་ཡིག་ཐོག་ཚིག་དོན་གཏན་འབེབ་ལྟར་ཞི་བའི་ཆིག་སྒྲིལ་རྔམ་སྟོན་སྐད་འབོད་གནང་བ་དང་། རྒྱ་ནག་གཞུང་ཚབ་མདུན་ཐང་དུ་མི་མང་གི་ཚོར་ཤུགས་ཆེན་པོས་སྐད་འབོད་དང་། གཞན་སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་དང་། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་སྐུ་ཚབ་བཅས་ནས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་རྗེས།  མཁན་རིན་པོ་ཆེས་དབུས་སྨོན་ལམ་གསུང་འདོན་དང།  བོད་རིགས་ཟློས་གར་ཚོགས་པས་སྣེ་འཁྲིད་བོད་ཀྱི་རྒྱལ་གླུ་ཕུལ་ནས་ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་ཡིག་ཆ་ཛུ་རིག་རང་སྐྱོང་མངའ་སྡེའི་ནང་གནས་སྡོད་རྒྱ་ནག་གཞུང་ཚབ་ལ་སྤྲད་འདུག་པ་བཅས་ལས་རིམ་སྣ་མང་སྤེལ་གནང་སོང་།  ཙ་ཡུས་ཕུན་ཚོགས།

འདྲ་དཔར་ཁག་ལ་གཟིགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།