སུད་སི་དང་ལིག་ཏེན་སི་ཊ་ཡན་བོད་རིགས་མི་མང་གིས་ལོ་སར་སྲུང་བརྩི་ཞུས།

བོད་རྒྱལ་ལོ་༢༡༤༧རབ་གནས་ལྕགས་བྱི་ལོའི་བོད་ཟླ་དང་པོའི་ཚེས་༡ ཕྱི་ལོ་༢༠༢༠ལོའི་སྤྱི་ཟླ་༢ཚེས་༢༤ཉིན་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གིས་ས་གནས་རི་ཀོན་དགོན་དུ་བོད་ཀྱི་ལོ་སར་མཛད་སྒོ་སྲུང་བརྩི་ཞུས།

 

ཁ་སང་སྤྱི་ཚེས་༢༤ཉིན་ས་གནས་རི་དགོན་དུ་སུད་སི་དང་ལིག་ཏེན་སི་ཊ་ཡན་བོད་རིགས་མི་མང་ལྔ་བརྒྱ་ལྷག་ལྷན་འཛོམས་ཐོག་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བོད་རྒྱལ་ལོ་༢༡༤༧རབ་གནས་ལྕགས་བྱི་ལོའི་ལོ་སར་མཛད་སྒོ་སྲུང་བརྩི་ཞུས་སོང་། ཚོགས་ཐོག་ཏུ་རི་ཀོན་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམ་པ་དབུ་གཞུགས་ཐོག་ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་དང་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་པ་བཅས་བོད་རིགས་མི་མང་ལྔ་བརྒྱ་ལྷག་གིས་ལོ་སར་གྱི་དུས་སྟོན་མཛད་སྒོ་དབུ་འཛུགས་གནང་སོང་བ་དང་ལོ་གསར་པའི་ནང་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་མཆོག་གི་དབུས་རིས་མེད་ཀྱི་སྐྱེ་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་འགྲུབ་ཡོང་བ་དང་བོད་ཀྱི་བདེན་མཐའ་མྱུར་ཏུ་གསལ་བའི་ཆེད་གསོལ་འདེབས་སྨོན་ལམ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ཡུན་ལ་འཚོགས་སོང་། གསོལ་འདེབས་སྨོན་ལམ་གྲུབ་རྗེས་མི་མང་གི་ས་བསང་གསོལ་བཏང་བ་སོགས་ལོ་གསར་བའི་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ངང་གྲོལ་སོང་།

སྤྱིར་བོད་ཀྱི་ཡུལ་གྲུ་ནི་རྒྱ་ཆེ་ཞིང་ཁོད་ཡངས་པ་དང་ས་ཁུལ་སོ་སོའི་ས་བབ་དང་ནམ་ཟླ་ལ་བར་ཁྱད་ཆེན་པོ་ཡོད་པར་བརྟེན་ཐོན་སྐྱེད་བར་ཁྱད་ཀྱིས་ལོ་སར་གྱི་དུས་ཚོད་ཡོངས་སུ་གཅིག་མཐུན་མིན། ལྷ་ས་གཙོས་མཐའ་འཁོར་གྱི་བོད་མི་རྣམས་ཀྱིས་བོད་ཟླ་དང་པོའི་ཚེས་༡ཉི་ལོ་སར་ལ་རོལ་གྱི་ཡོད་པ་དང་གཞིས་ཀ་རྩེ་གཙོས་མཐའ་འཁོར་གྱི་མི་རྣམས་ཀྱིས་བོད་ལུགས་ལོ་སར་མ་སླེབས་གོང་ལ་ལོ་སར་རོལ་སྲོལ་ཡོད་པ་དེ་ལ་ཁོང་ཚོས་སོ་ནམ་པའི་ལོ་སར་ཟེར། ཁམས་ཁུལ་དང་ཨ་མདོའི་ས་ཁུལ་མང་ཆེ་བས་ལུགས་རྙིང་གི་ལོ་སར་སྲུང་བརྩི་བྱེད་བཞིན་ཡོད།  ༢༤/༢/༢༠༢༠

གསར་འགོད་པ། ཡུམ་སྐྱབས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།