སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མིས་སུད་སི་གཞུང་ལ་བོད་མིའི་རང་དབང་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུ་འདུག

དེ་རིང་ཕྱི་ཚེས་དགུའི་ཉིན་སུད་སི་མི་མང་སྒྲིག་འཛུགས་དང་བོད་ཀྱི་བུ་མེད་ཚོགས་པ།  སུད་བོད་མཐུན་གྲོགས་ཚོགས་པ།   ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས། འཇིག་ཉེན་ཅན་གྱི་སྤྱི་ཚོགས་མི་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་སུད་སིའི་རྒྱལ་ས་སྦན་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཚོགས་གནང་འདུག

གསར་འགོད་ལྷན་ཚོགས་དེའི་སྟེང་དུ་སུད་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་།  སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཉིས།  བོད་ཀྱི་གཞོན་ནུ་ཚོགས་པའི་འཐུས་བཅས་ཀྱིས་གཏམ་བཤད་གནང་འདུག

ཐེངས་འདིར་སུད་སི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་གཉིས་ཀྱིས་གནད་དོན་ཆེན་པོ་བཞིའི་སྟེང་ནས་སུད་སི་གཞུང་ལ་འབོད་སྐུལ་ཞུ་འདུག་སྟེ།

གཅིག  སུད་སི་རྒྱལ་ཁབ་ནི་དམངས་གཙོའི་གཞུང་ཚད་ལྡན་ཞིག་ཡིན་པས་སུད་སིར་གནས་པའི་བོད་མི་རྣམས་ལ་རྒྱལ་ཁབ་ཕྱི་ནང་གི་འགོ་ཁྲིད་ཅི་འདྲ་ཞིག་སླེབས་ཀྱང་དེའི་མདུན་ནས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོངས་སུ་ལོངས་སྤྱོད་རྒྱུའི་གོ་སྐབས་སྤྲོད་དགོས།

གཉིས།  བོད་ཀྱི་ཆོས་དང་རིག་གཞུང་གཙོས་བོད་མིའི་ངོ་བོར་སྲུང་སྐྱོབ་བྱ་དགོས།

གསུམ། སུད་སུར་གནས་པའི་བོད་མིའི་སྐྱབས་བཅོལ་བའི་འགྲུལ་བཞུད་ལ་རང་དབང་དགོས་པ་མ་ཟད།  འགྲུལ་བཞུད་ཡིག་ཆ་དང་གཏན་སྡོད་ཡིག་ཆའི་སྟེང་དུ་རྒྱ་རིགས་ཞེས་བཀོད་པ་དེ་ཕྱིར་འཐེན་གྱིས་བོད་རིགས་ཞེས་དགོད་དགོས་རྒྱུ།

བཞི།  སུད་སིར་གནས་པའི་བོད་མི་སྐྱབས་བཅོལ་པ་སྒེར་སོ་སོའི་འཚོ་བར་སུན་གཙེར་མི་བཟོ་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས་རྒྱུའི་འབོད་སྐུལ་ཞུ་འདུག
གཞན་ཡང་སུད་སི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་རྒྱུ་དང་༧སྤྱི་ནོར་གོང་ས་ཆེན་པོ་མཆོག་སུད་སིར་ནམ་ཕེབས་ལ་གཞུང་འབྲེལ་གྱི་ཕེབས་བསུ་བྱ་དགོས་པའི་འབོད་སྐུལ་ཡང་ཞུ་འདུག

ཁོང་གཉིས་ནི་སུད་སིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཙོ་གྲོས་ཡིན་ལ།  ན་ནིང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བའི་འཐུས་ཚབ་བྱས་ཏེ་བཞུགས་སྒར་རྡ་རམ་ལར་གཟིགས་སྐོར་དུའང་ཕེབས་འདུག།

དེ་རིང་གི་གསར་འགོད་ལྷན་ཚོགས་འདི་ནི་ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཆེན་མོ་འདིའི་ཉིན་གསུམ་པའིི་སྔ་དྲོའི་ལས་རིམ་ཡིན་འདུག
གསར་འགོད་ལྷན་ཚོགས་འདིའི་སྟེང་དུ་ཡུ་རོབ་ཀྱི་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས།  ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་ཁག་ཅིག་དང་སུད་སི་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་པདྨ་ལགས་གཙོས་འཐུས་མི་ཁག་ཅིག  གཞན་ཡང་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་དང་བུད་མེད་ཚོགས་པའི་ཚོགས་གཙོ།  བོད་དོན་རྒྱབ་སྐྱོར་ཁག་ཅིག་བཅས་མཉམ་ཞུགས་གནང་འདུག

གསར་འགོད་ལྷན་ཚོགས་དེའི་རྗེས་ལ་ཚོགས་ཁང་གི་ཉེ་འགྲམ་དུ་སུད་སི་དང་ལིག་ཏེན་སིཊཡན་མི་མང་སྒྲིག་འཛུགས་ཀྱི་ཟློས་གར་ཚོགས་པས་ཞབས་བྲོ་འཁྲབ་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་མཚོན་པར་བྱས་པ་དང་།  སྦན་ས་གནས་ཚོགས་ཆུང་གིས་འགན་འཁུར་གྱིས་ཡུལ་མི་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འགྲེམས་སྤེལ་གྱིས་བོད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་འདུག

ཕྱི་དྲོའི་ཆུ་ཚོད་ལྔ་བ་ནས་གསུམ་བཅུ་དུས་དྲན་ཐེངས་ལྔ་བཅུ་ང་དགུ་བའི་གོ་སྒྲིག་ཚོགས་ཆུང་གིས་གྲོང་ཁྱེར་ཇི་ནཱི་ཝའི་ཚོགས་ཁང་ཞིག་ཏུ་ཆེད་ཕེབས་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་གཙོས་སྐུ་མགྲོན་རྣམ་པ་དང་།  བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ།  འབྲེལ་ཡོད་གསར་འགོད་པ།  དེ་བཞིན་ཡུ་རོབ་བོད་རིགས་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་དང་།   ཡུ་རོབ་བོད་དང་མཉམ་དུ་ཡོད་ཅེས་པའི་ལས་འགུལ་ཆེན་མོ་འདིའི་འབྲེལ་ཡོད་ལས་བྱེད་བཅས་ལ་གསོལ་སྟོན་གང་རྒྱས་ཞིག་གོ་སྒྲིག་གིས་ཐུགས་རྗེ་ལེགས་འབུལ་ཞུ་འདུག
གསོལ་སྟོན་འདིའི་སྟེང་དུ་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ནས་དབུས་བོད་མི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་སྔར་བྱས་ལ་ཐུགས་རྗེ་ཆེ་དང་སླད་མར་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཡང་ཞུ་འདུག  

གསོལ་སྟོན་དེའི་ཞོར་དུ་སུད་སི་མི་མང་ཟློས་གར་ཚོགས་པས་སྐུ་མགྲོན་ཡོངས་ལ་བོད་ཀྱི་ཟློས་གར་འཁྲབ་སྟོན་ཞིག་ཀྱང་གནང་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།