སུད་སི་གཙོས་ཡོ་རོབ་ཁུལ་ནང་༢༠༢༡ ལོའི་བོད་ཀྱི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་གནང་།

དེ་རིང་ཕྱི་ཚེས་༣ ཉིན་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་འདུས་སྡོད་ཁག་ནང་༢༠༢༡ ལོའི་བོད་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་སྔོན་འགྲོ་འོས་བསྡུ་གནང་བཞིན་པ་ལྟར། སུད་སི་དང་། ཧྥ་རན་སི། ཨི་ཊ་ལི། འཇར་མན། བྷེལ་ཇམ་བཅས་བོད་རིགས་འདུས་སྡོད་ཁག་ནང་༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཉིན་བརྒྱ་དུས་གཅིག་ལ་གནང་ཡོད་འདུག

 

དེ་ཡང་དེ་རིང་སྟེ་ཕྱི་ལོ་༢༠༢༠ ལོའི་༡ ཚེས་༣ རེས་གཟའ་ཉི་མའི་ཉིན། སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་ཁྱབ་ཁོངས་ས་གནས་ཚོགས་ཆུང་ཁག་༢༥ ནང་ས་གནས་བོད་མི་ཚོས་ཞོགས་པའི་ཆུ་ཚོད་བརྒྱད་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔའི་བར་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་གནང་སོང་ལ། དེ་མཚུངས་འཇར་མན་ནང་དུ་བོད་རིགས་ས་གནས་ཁག་དྲུག་དང་ཨོ་སུ་ཏྲོ་རེ་ཡའི་ས་གནས་ཁག་དྲུག  དེ་བཞིན་ཨུ་ཏྲ་ལེའི་ནང་ས་གནས་ཁག་གསུམ་བཅས་ཁྱོན་ས་གནས་ཁག་བཅོ་ལྔའི་ནང་༢༠༢༡ ལོའི་བོད་ཀྱི་སྲིད་སྤྱིའི་སྔོན་འགྲོའི་འོས་བསྡུ་གནང་ཡོད་འདུག གནས་ཚུལ་འདིའི་ཐད་སུད་སིའི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་གིས་གསུང་དོན། ད་ལྟ་ནད་ཡམ་དབང་གིས་གོ་འོས་བསྡུའི་ཆེད་མི་མང་གི་འགྲོ་སྐྱོད་སྟབས་བདེ་མིན་པ་དང་། ཚོགས་ཁང་གཡར་བ་སོགས་ལ་དཀའ་ངལ་ཕྲད་ཡོད་ཀྱང་། འོས་བསྡུའི་ལས་བྱེད་དང་། བོད་རིགས་མི་མང་གི་འཐུས་མི་ཚོས་དཀའ་ལས་བརྒྱབ་ནས་འོས་བསྡུ་ཚགས་ཚུད་ཡོང་ཐབས་གནང་བས། འོས་བསྡུའི་ལས་རིམ་ཚང་མ་ཡག་པོ་འགྲོ་སོང་། ཞེས་དང་། ཡོ་རོབ་ཁུལ་ནང་འོས་བསྡུ་སྔོན་མ་ཁག་དང་བསྡུར་ན་དེབ་སྐྱེལ་གནང་མཁན་བོད་མིའི་གྲངས་འབོར་མང་དུ་ཕྱིན་ཡོད་སྐོར་གསུང་གནང་སོང་།

དམིགས་བསལ་ཛུ་རིག་ཚོགས་ཆུང་གི་ངོས་ནས་ཐེངས་འདིར་ཏོག་དབྱིབས་ནད་དུག་གིས་རྐྱེན་པའི་ས་གནས་གཞུང་གི་སྒྲིག་ཁྲིམས་འོག་སྔོན་ཆད་ལྟར་མི་མང་མཉམ་འདུས་གནང་ཐབས་མེད་པར་བརྟེན། ས་གནས་ཁག་གི་འོས་བསྡུའི་ལས་བྱེད་དང་འཐུས་མི་ཚོས་དེབ་སྐྱེལ་གནང་མཁན་ཀྱི་མིང་ཐོ་ཁག་བསྒོས་གནང་སྟེ། མི་མང་ཚང་མ་དུས་གཅིག་དུ་ཕེབས་མི་དགོས་པར་མིང་ཐོའི་བང་རིམ་ལྟར་དུས་ཚོད་བཅད་བསྒོས་དགོས་གནང་སྟེ་འོས་ཤོག་བླུག་དགོས་པའི་འགྲོ་སྟངས་གོ་སྒྲིག་གནང་འདུག་ལ། ས་གནས་ཁག་གཞན་པ་ཚོས་ཀྱང་ཁ་རེས་དང་། དུག་སེལ་སྨན་ཆུ། བར་སྟོང་འཇོག་པ་སོགས་ནད་ཡམས་སྔོན་འགོག་གི་གྲ་སྒྲིག་ཚགས་ཚུད་གནང་ཡོད་པ་དང་། ས་གནས་ཁག་ཡོངས་ནས་འོས་བསྡུ་འགྲོ་ལུགས་ཚུལ་མཐུན་བྱུང་ཡོད་པའི་སྐོར་ས་གནས་ཁག་གི་འོས་བསྡུའི་འགན་འཛིན་རྣམས་ཀྱིས་བརྗོད་ཀྱིན་ཡོད་འདུག

གསར་འགོད་པ། ཙུ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།