སིང་གྷ་ལེན་བོད་ཡིག་སློབ་གྲྭ་ངོ་སྤྲོད།

སློབ་གྲྭའི་ལོ་རྒྱུས།

སིང་གྷ་ལེན་བོད་ཡིག་སློབ་གྲྭ་ནི་སྤྱི་ལོ་༢༠༠༨ལོའི་ཕྱི་ཟླ ༦པའི་ཚེས་༡༡ཉིན་ས་གནས་འཐུས་མི་པདྨའི་གཟིགས་སྐྱོང་དང་། ཕ་མ་རྣམས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བ་བཅས་ལ་བརྟེན་སློབ་ཕྲུག་བཅུ་གཅིག་ལས་གྲུབ་པའི་སློབ་གྲྭ་འདི་ཐོག་མར་གསར་འཛུགས་གནང་། སྐབས་དེར་འཇམ་དབྱངས་དང་བཀྲིས་མཚོ་གཉིས་ཀྱིས་དྭངས་བླངས་དགེ་རྒན་གྱི་ལས་འཁུར་ཞུས་ཤིང་། ས་འཐུས་ཟུར་བ་རྡོ་རྗེ་ཚང་བསྟན་འཛིན་ཆོས་དབང་སློབ་གྲྭའི་འགན་འཛིན་དུ་འདེམས་བསྐོ་གནང་།

ས་འཐུས་ཟུར་བ་རྡོ་རྗེ་ཚང་བསྟན་འཛིན་ཆོས་དབང་ལགས་ནས་ལྷག་བསམ་རྣམ་དག་དང་ནུས་པ་གང་ཡོད་ཀྱིས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ནས་སློབ་གྲྭའི་འགན་འཛིན་ལོ་ངོ་བཅུའི་རིང་གནང་ནས་སློབ་གྲྭ་འདི་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་ཆེན་པོ་བཏང་འདུག

སློབ་གྲྭའི་སྒྲིག་གཞི་དང་དམིགས་ཡུལ།

༡༽སློབ་ཆུང་འདིའི་སློབ་ཕྲུག་ཡོང་ཁུངས་ནི་ས་གནས་ཚོགས་ཆུང་གི་་ཚོགས་མི་ཡིན་པ་དང་། བོད་ཡིག་སློབ་གྲྭ་མེད་པའི་མེད་ཉེ་འཁོར་ས་གནས་ཁག་གི་ཕྲུ་གུ་ཡིན་ཡང་ཆོག

༢༽ཕ་མ་གཉིས་ནས་གཅིགགིས་ངེས་པར་དུ་བཙན་བྱོལ་བོད་མིའི་དྭངས་བླངས་བཅའ་ཁྲལ་ཆད་ལྷག་མེད་པར་ཕུལ་མཁན་ཞིག་ཡིན་དགོས།

༣༽བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་དང་བཅའ་ ཁྲིམས་རིན་པོ་ཆེའི་དགོངས་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་བློ་གཏད་སྒོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་ཐབས་ལ་འབད་བརྩོན་བྱ་རྒྱུའི་དམིགས་ཡུལ་ལྡན་པ་སོགས་མང་པོ་འདུག

ད་ལྟའི་སློབ་གྲྭའི་འགན་འཛིན་བློ་བཟང་དགེ་འདུན་ལགས་སུ་བཅར་འདྲི།

༡༽ད་ལྟ་སིང་གྷ་ལེན་བོད་ཡིག་སློབ་གྲྭར་སློབ་ཕྲུག་གྲངས་ག་ཚོད་ཡོད་མེད་དང་བོད་ཡིག་གི་གྲུབ་འབྲས་ག་འདྲ་ཡིན་ནམ།
ལན༽ ད་ལྟ་ང་ཚོར་སློབ་ཕྲུག་གྲངས་༡༤དང་འཛིན་གྲྭ་གོང་འོག་གཉིས་ཡོད། སྐབས་རེར་ཕ་མ་རེ་ཟུང་གིས་དེ་ཙམ་གྱིས་རྒྱབ་སྐྱོར་དང་འཕྱར་གྲུ་མཉམ་འདེགས་མེད་དུས་དཀའ་ངལ་འཕྲད་གི་འདུག དཔེར་ན། ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་ལ་ནང་སྦྱོང་དུས་ལྟར་ཚར་གི་མ་བཞག་ན་དགེ་རྒན་གྱིས་སློབ་ཚན་གསར་བ་བསླབ་རྒྱུར་དཀའ་ངལ་འཕྲད་བཞིན་འདུག ཕ་མ་དང་དགེ་རྒན་མཉམ་འབྲེལ་བྱེད་དགོས་བ་དེ་ཧ་ཅང་གིས་གལ་ཆེན་རེད།

༢༽སློབ་གྲྭ་འདི་ཡར་རྒྱས་གཏོང་ཕྱོགས་ལ་འཆར་གཞི་དང་དགོངས་ཚུལ་ག་རེ་ཡོད་ན།
ལན༽ ང་ལ་དམིགས་བསལ་འཆར་གཞི་འདྲ་མེད་འོན་ཀྱང་ཚོགས་ཆུང་གི་སློབ་གྲྭར་ཚོགས་མི་ཡོངས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཡར་རྒྱས་གཏོང་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ཕ་མ་རྣམས་ཀྱིས་འགན་དང་ནུས་བ་ལྷག་མ་བཏོན་དགོས་པས་ངས་རེ་བ་འདོན་གི་ཡོད། སྤྱི་ཚོགས་དང་ཁོར་ཡུག་གི་དབང་གིས་དཀའ་ངལ་ཡོད་མོད་ད་ལྟ་བར་གྲུབ་འབྲས་གང་འཚམས་བྱུང་ཡོད་པས་ང་ཚོས་མུ་མཐུད་ནས་ལྷོད་གཡེངས་བྱ་མི་རུང་།

སིང་གྷ་ལེན་བོད་ཡིག་སློབ་གྲྭའི་ཟློས་གར་དགེ་རྒན་དབྱངས་ཅན་ལགས་སུ་བཅར་འདྲི།

༡༽སློབ་གྲྭའི་ཟློས་གར་དགེ་རྒན་དབྱངས་ཅན་ལགས་ནས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཞིག་དང་དམིགས་བསལ་གཞས་འཁྲབ་སྟངས་གང་ནས་སྦྱངས་ཡིན་ན།
ལན༽ ང་ཕ་ཡུལ་མཚོ་སྔོན་སྐྱེ་རྒུ་མདོ་ཕྱོགས་ནས་ཡིན་པ་དང་ངའི་ཨ་མ་གཞས་འཁྲབ་མཁན་ཞིག་ཡིན་པ་དང་ཨ་མས་ ང་ལ་གཞས་བསླབས་གནང་་པ་དང་དེ་ནས་སློབ་གྲྭ་ནས་ཀྱང་ང་སློབ་གྲྭའི་གཞས་འཁྲབ་མཁན་གྲལ་ཡིན། དེ་འདྲའི་བརྒྱུད་རིམ་ཁྲོད་ང་གཞས་ལ་དགའ་བོ་ཡོད་མཁན་ཞིག་ཡིན།

༢༽ ཁྱེད་ཀྱིས་སིང་གྷ་ལེན་བོད་ཡིག་སློབ་གྲྭར་སློབ་ཕྲུག་ག་ཚོད་དང་ལོ་ག་ཚོད་རིང་འཁྲབ་གཞས་བསླབ་ཡིན།
ལན༽སིང་གྷ་ལེན་བོད་ཡིག་སློབ་གྲྭར་ད་བར་ལོ་གཉིས་ལ་བསླབས་ཡིན། སློབ་ཕྲུག་གྲངས་༡༦ཅན་ཞིག་དང་། གྲངས་༡༠ ཅན་ཞིག  དེ་མིན་གྱི་ཚོགས་པ་གཞན་ཞིག་བཅས་ཚོགས་པ་གསུམ་ལ་གཟའ་མཇུག་དུ་གཞས་བསླབ་བཞིན་ཡོད། ཚང་མརགླ་ཆ་མེད་པར་བཏང་བླངས་བྱས་ནས་བསླབ་བཞིན་ཡོད།

༣༽ མ་འོངས་པར་མུ་མཐུད་དུ་བསླབ་འཆར་ཡོད་ན།
ལན༽  སློབ་ཕྲུག་རྣམས་ལ་མོས་བ་དང་ཕ་མ་རྣམས་ཀྱིས་རྒྱབ་སྐྱོར་ཡོད་ན་ངས་ནུས་པ་གང་ཡོད་ཀྱིས་མ་འོངས་པར་མུ་མཐུད་ནས་བསླབ་འཆར་ཡོད།

གསར་འགོད་པ། དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སམས་རགས།