སུད་སིར་ནོར་པེ་ཞི་བདེ་གཟེངས་རྟགས་དུས་དྲན་ཐེངས་༢༩བ་སྲུང་བརྩི་ཞུས།

སྤྱི་ལོ་༢༠༡༨ལོའི་ཟླ་༡༢ཚེས་༨ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་༧གོང་ས་མཆོག་གིས་ནོར་པེ་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ངོ་ཉེར་དགུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་།དུས་དྲན་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་དེ་བཞིན་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས། རི་ཁོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་མཆོག སྤྱི་ཟུར་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་མི་མང་གཉིས་སྟོང་ལྷག་འདུ་འཛོམས་ཀྱིས་ནོར་པེ་ཞི་བདེ་གཟེངས་རྟགས་དུས་དྲན་ཐེངས་ཉེར་དགུ་བ་གཟབ་རྒྱས་ངང་འཚོགས། 

དུས་དྲན་མཛད་སྒོའི་དབུ་འཛུགས་སྐབས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་དུས་དྲན་སྲུང་བརྩི་བྱེད་དགོས་པའི་ངོ་སྤྲོ་གཏམ་བཤད་གནང་རྗེས་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བཀའ་ཤག་གིས་ནོར་པེ་ཞི་བདེ་གཟེངས་རྟགས་དུས་དྲན་ཐེངས་ཉེར་དགུ་བར་བསྩལ་བའི་གསུང་བཤད་བསྒྲགས་སྦྱངས་གནང་སོང་ལ་ཡོ་རོབ་སྤྱི་འཐུས་ཟམ་གདོང་བྱམས་པ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུང་འཕྲིན་བསྒྲགས་སྦྱངས་གནང་། ཆོལ་ཁ་གསུམ་དང་ཚོགས་པ་སྐྱིད་སྡུག་ཁགས་གནས་ཁག་གི་གཟའ་མཇུག་བོད་ཡིག་འཛིན་གྲྭའི་སློབ་ཕྲུག་སོགས་ཀྱིས་གཞས་སྣ་འཁྲབ་སྟོན་སོགས་བྱས་སོང་། 

དེ་རིང་གི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་མི་རིང་བར་ལས་གནས་འཕོ་འགྱུར་ཐེབས་ཀྱི་ཡོད་པས་ས་གནས་བོད་རིགས་ཚོགས་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ཐུགས་རྗེ་ལེགས་འབུལ་ཞུས། 

ད་ལོ་བཀའ་ཤག་གིས་གཏན་འབེབས་གནང་བ་བཞིན།བོད་པ་བཙན་བྱོལ་དུ་ཕེབས་ནས་ལོ་ངོ་དྲུག་ཅུ་འཁོར་བར་བརྟེན་བོད་པ་འདུས་སྡོད་བྱེད་སའི་ས་ཕྱོགས་གང་དུ་གཞུང་མང་གཉིས་ཐུགས་རྗེ་ཆེ་ལས་འགུལ་སྤེལ་བཞིན་པ་ལྟར་དེ་རིང་ཕྱི་དྲོ་ཆུ་ཚོད་ལྔ་བ་ནས་བརྒྱད་པ་བར་ཏུ་སུད་སི་དང་ལིག་ཏེན་སིཊཡན་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོགས་སོང་།དམིགས་བསལ་སྐུ་མགྲོན་དུ་ཛུའི་རིག་མངའ་སྡེའི་བདེ་སྲུང་འགན་འཛིན་སྐུ་ཞབས་མ་རོ་ཧྥེར་Mario Fehrདང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ཀྱང་ཆེད་དུ་གདན་ཞུ་ཞུས་ཡོད་པ་དང་སྐུ་ཞབས་མ་རོ་ཧྥེར་ལགས་ཀྱིས་གསུངས་དོན་ང་ཚོའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཧ་ཅང་ཐ་དད་ཡིན་ན་ཡང་བོད་པ་ཡུལ་མིའི་བར་གྱི་འབྲེལ་ལམ་ནི་ཧ་ཅང་ཡག་པོ་སོགས་གསུངས་སོང་། 

ནོར་པེ་ཞི་བདེ་གཟེངས་རྟགས་ནི་འཛམ་གླིང་གི་གཟེངས་རྟགས་ཆེས་ཆེ་ཤོས་དེ་ཡིན་པ་དང་།སྤྱི་ལོ་༡༩༠༡ལོར་གཟེངས་རྟགས་འདི་གནང་འགོ་བཙུགས་པ་ཡོད་འདུག་ལ་སྤྱི་ལོ་༡༩༨༩ལོར་བོོད་ཀྱི་ཆོས་སྲིད་གཉིས་དབུ་ཁྲིད་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་འདི་ཐོབ་པ་ཞིག་ཡིན།

གསར་འགོད་པ། ཡུམ་སྐྱབས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སམས་རགས།