སུད་སི་ཚེས་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་ནས་བསྟན་སྲིད་སྤྱི་དང་༸སྐུ་ཆའི་ཞབས་རིམ་སྒྲུབ་ཆེད་ཚོགས་འབུལ་ཞུས་པ།

འདས་པའི་ལོ་ ༤༨ ལྷག་ཙམ་གོང་དབུ་འཛུགས་གནང་ནས་བཟུང་སུད་སི་ཚེས་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་ནས་ལོ་ལྟར་དཔྱིད་ཀ་དང་དབྱར་ཀ་ཉིན་གསུམ་རེའི་རིང་གཅོད་ཚོགས་རིན་ཆེན་ཕྲེང་བ་དང་། དཀོན་མཆོག་སྤྱི་འདུས། བདེ་ཆེན་ཞིང་སྒྲུབ། ཟབ་གཏེར་པད་མའི་གསང་ཐིག་བཅས་ཀྱི་ཚོགས་འབུལ་ཟབ་རྒྱས་ཞུ་སྲོལ་ཐོག་ཟབ་ཏིག་སྒྲོལ་མ་མཎྜལ་བཞི་ཆོག རི་བོ་བསངས་མཆོདཞི་ཁྲོ་ན་རག་དོང་སྤྲུག ༸རྒྱལ་བའི་ཞབས་བརྟན་ བདེན་ཚིགས་སྨོན་ལམ་གྲངས་སོགས་ཞུ་བ་དང་། ཡང་ཕྱི་ལོ་ ༢༠༡༤ ནས་བཟུང་སུད་སི་བོད་རིགས་མི་མང་འཐུས་མིའི་གྲོས་ཚོགས་ནས་ཐུགས་རེ་སྐུལ་བརྡ་གནང་བ་བཞིན་ལོ་ལྟར་སུད་སི་བོད་རིགས་མི་མང་ནས་གོ་སྒྲིག་གནང་བའི་ཉིན་གསུམ་རིང་གི་འབུམ་ཚོགས་ཆེན་མོའི་སྐབས་ཆོ་ག་ཕྱག་ལེན་གྱི་བྱེད་སྒོ་དང་། དེའི་གོང་ཉིན་གཅིག་གི་རིང་མཆོད་བཞེངས་དང་འགྲིག་ཤོམ་ཞུ་རྒྱུའི་ཞབས་ཞུ་ཆ་ཚང་བ་སྒྲུབ་སྲོལ་ཡོད་པ་འདི་ལོ་ཡང་སྥྱི་ཟླ་ ༥ ཚེས་ ༡༠ ནས་ ༡༢ བར་དེ་ལྟར་ཞབས་ཞུ་གནང་།

འདི་ལོ་དབྱར་ཀའི་ཚོགས་འབུལ་འདི་དམིགས་བསལ་རྒྱས་པ་གོ་སྒྲིག་ཞུ་དོན་ནི་བོད་བསྟན་སྲིད་སྤྱི་དང་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཆའི་ཞབས་རིམ་སྒྲུབ་ཆེད་ཚོགས་འབུལ་གཙོ་བོ་དང་།  ཚེས་བཅུ་ཚོགས་པའི་མཚན་ལ་ཀུན་བཟང་མདོ་སྔགས་གླིང་ཞེས་པ་རང་གཞུང་ཆོས་རིག་ལྷན་ཁང་ནས་མཚན་གསོལ་གནང་སྟེ་ལོ་༡༥འཁོར་བའི་དགའ་སྟོན་སྲུང་བརྩི་ཞུ་རྒྱུ་བཅས་ཡིན་པས་ན་༢༠༡༨ ཟླ་བ་བདུན་པའི་ཚེས་ ༢༡ རེས་གཟའ་སྤེན་པའི་ཕྱག་ཚོད་དགུ་པའི་ཐོག་རི་ཀོང་ཆོས་འཁོར་དགོན་དུ་རྒྱ་གར་ཀ་སྦུག་ཟངས་མདོག་དཔལ་རི་དགོན་གྱི་མཆོག་སྤྲུལ་པད་མ་འགྱུར་མེད་རྣམ་རྒྱལ་རིན་པོ་ཆེ་དང་། སྤ་རི་རིན་པོ་ཆེ། སུད་སི་ལོ་སན་རིག་འཛིན་གསང་ཆེན་འོད་གསལ་ཐེག་མཆོག་གླིང་གི་བླ་མ་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་བཅས་རབ་སྔགས་བཙུན་གསུམ་འདུས་པས་བོད་ཟླ་དྲུག་པ་ཆུ་སྟོད་ཟླ་བ་རྣམས་འདྲེན་ཐུབ་པའི་དབང་པོའི་དུས་ཆེན་གསུམ་འཛོམས་ཚེས་དགུ་ཉིན་བོད་བསྟན་སྲིད་སྤྱི་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཆའི་ཞབས་རིམ་ཆེད་དུ་རཱ་སྒྲེང་གཏེར་ཆེན་སངས་རྒྱས་དབང་འདུས་མཆོག་གིི་ཟབ་གཏེར་པད་མའི་གསང་ཐིག་གི་སྒོ་ནས་དངོས་གཤམ་ཡིད་ཀྱི་ཚོགས་འབུལ་ཟབ་རྒྱས་དང་ཨྱོན་མ་ཧ་གུ་རུ་དངོས་གཞི་སྤྱན་འདྲེན་བྱིན་འབེབས་དང་ཚོགས་ཀྱི་གར་མཆམ་བདེ་སྟོན་དགའ་ཞིའི་རོལ་མོ་དང་།ལྷག་གཏོར་རྡོ་རྗེའི་བྲོ་སྡོང་།ཞ་ནག་གཏོར་བྲོ་བདུད་སྤུང་ཟེར་ནོན་བཅས་ཀྱི་གཟིགས་འབུལ་ཞུས།

ཉིན་གཉིས་པ་ཚེས་ ༢༢ རེས་གཟའ་ཉི་མ་བོད་ཟླ་དྲུག་པའི་ཚེ་བཅུ་ཕྱག་ཚོད་དགུ་པའི་ཐོག་རྟེན་འབྲེལ་བཟང་བའི་མཛད་སྒོར་གདན་ཞུ་ཕུལ་བ་ལྟར་སུད་སི་༸སྐུ་ཚབ་དོན་གཅོད་དངོས་འགྲུབ་རྡོ་རྗེ་མཆོག་དང་། ཡོ་རོབ་བོད་མིའི་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག སུད་སི་བོད་རིགས་མི་མང་འཐུས་ཚོགས་ཀྱི་ཚོགས་གཞོན་ཕྱོགས་གཤམ་ཕུན་ཚོགས་མཆོག་བཅས་ཆེད་ཕེབས་བཞུགས་གྲལ་དུ་འཁོད་པ་དང་། ཨོ་རྒྱན་མ་ཧ་གུ་རུ་དྷ་ན་ཀོ་ཤའི་མཚོ་གླིང་ནས་ངོ་མཚར་རང་བྱུང་སྐུ་འཁྲུངས་བའི་དུས་ཆེན་ཉིན་ཟུར་མང་རྣམ་རྒྱལ་ལྷ་རྩེ་འི་མཁན་ཆེན་པད་མ་རྣམ་རྒྱལ་མཆོག་གི་དགོངས་གཏེར་བདེ་ཆེན་ཞིང་སྒྲུབ་པད་མ་དྲ་བའི་ཚོགས་འབུལ་ཞུས་པ་དང་བསྟན་སྲིད་སྤྱི་དང་ལྷག་པར་༸གོང་ས་ལྷ་མིན་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་མཆོག་གི་མདུན་དུ་སྐུ་ཚེ་སྐལ་བརྒྱར་བཞུགས་པའི་ཆེད་ཚེས་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་གི་ཚོགས་གཙོ་འོར་པ་ཀར་མ་རིན་པོ་ཆེ་མཆོག་དང་། བླ་མ་དབུ་མཛད་སྟག་གསར་བྱམས་པ་ཐུབ་བསྟན་མཆོགགོང་དུ་མཚན་འཁོད་བླ་སྤྲུལ་གསུམ་བཅས་ལྷན་ཅིག་ཏུ་ཞལ་འཛོམས་ནས་མཎྜལ་བརྟན་བཞུགས་འདེགས་འབུལ་ཞུས་པ་དང་འཛམ་གླིང་ཞི་བདེ་དང་།རང་རེ་གཞིས་བྱེས་གཉིས་ཀྱི་རིང་ནས་སྣིང་དུ་གནག་པའི་རང་གཞན་གཉིས་ཕན་གྱི་དབུ་མའི་ལམ་ནས་བོད་ཀྱི་བདེན་ཐ་གསལ་ཞིང་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པའི་སྨོན་ལམ་གསོལ་འདེབས་དང་།༸རྒྱལ་བའི་ཞབས་བརྟན་བདེན་ཚིགས་སྨོན་ལམ་བཅས་ཀྱང་འུར་འདོན་ཞུས།

ཉིན་རྒྱབ་མཛད་འཆར་གཞི་བཟུང་ཚེས་བཅུ་ཚོགས་པ་ཀུན་བཟང་མདོ་སྔགས་གླིང་གི་བླ་མ་དབུ་མཛད་སྟག་གསར་བྱམས་པ་ཐུབ་བསྟན་མཆོག་ནས་འདུས་ཚོགས་དམངས་ཀྱི་མཁྱེན་རྟོགས་ཆེད་འོད་དཔག་མེད་ཀྱི་བཀའ་དབང་གི་བྱིན་རླབས་དང་ནུས་པའི་ཐོག་འགྲེལ་བརྗོད་གསལ་ཞིང་རྒྱས་པ་གནང་སོང་།དེ་ནས་ཚོགས་ཁོངས་དབང་ལྡན་ལགས་དང་ཁོང་གི་སུད་སི་དང་ཁྱིམ་མཚེས་རྒྱལ་ཁབ་འགའ་རེ་ནས་ཕེབས་པའི་ཆོས་གྲོགས་སློབ་གཉེར་བ་བཅུ་ཙམ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཉིན་རྒྱབ་ཕྱག་ཚོད་དང་པོར་མཆོག་སྤྲུལ་པད་མ་འགྱུར་མེད་རྣམ་རྒྱལ་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་དང་། དེ་རྗེས་འདུས་ཚོགས་དད་ལྡན་ ༦༠ ཙམ་ལ་འོད་དཔག་མེད་ཀྱི་བཀའ་དབང་གནང་སོང་། 

དེ་ནས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕུལ་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བྱང་སྟེ་ལམ་ལྔ་དང་ས་བཅུ་རིམ་བགྲོད་ཀྱི་རྣམ་མཁྱེན་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ཆེད་དུ་མར་མེའི་སྨོན་ལམ་འཁོར་གསུམ་དམིགས་མེད་བསྔོ་བའི་སྨོན་ལམ་བཀྲིས་མཐའ་ཡིས་རྒྱན་ཏེ་མཛད་རིམ་བཀྲ་ཤིས་པའི་ངང་ནས་ལེགས་གྲུབ་བྱུང་སོང་།
གནས་འཕྲིན་འགོད་པ། འོར་པ་རིག་རྡོར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།