སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

སངས་རྒྱས་བཀྲ་ཤིས་ལགས་

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ ཉིན་བླ་བྲང་བསང་ཁོག་ཞང་ཐོག་ཏུ་བོད་རིགས་ན་གཞོན་རང་ལོ་ ༡༨ ཡིན་པ་དངུལ་རྭའི་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དེ་ཡང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་སྟེང་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ཐོག་ཏུ།  རང་ལོ་ ༡༨ ཡིན་པའི་བསང་ཁོག་དངུལ་རྭའི་རྒྱལ་གཅེས་པ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་བཞོན་ནས་བསང་ཁོག་ཞང་ཐོག་ཏུ་བསླེབས་ཡོད་པ་དང་། མེར་སྲེག་མ་བཏང་བའི་སྔོན་ཏག་ཏག་ལ་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཞུ་བར་ཁ་པར་འབྱོར་ཏེ། ཨ་རོགས། ངས་དེ་རིང་བོད་དོན་ཆེད་དུ་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།  ཞེས་ལན་བསྐྱལ་ཡོད་འདུག  སྐབས་དེར་ཚེ་བྷེ་ལགས་ཀྱིས། ཨ་རོགས། ཨ་རོགས།  དེ་ལྟར་མ་བྱེད།  ཅུང་བསྒུག་དང་།  ཞེས་པ་ཙམ་ལས་བཤད་ཁོམ་མ་བྱུང་བར་ཁ་པར་ཁ་བརྒྱབ་ཡོད་འདུག  དེའི་རྗེས་ཁ་པར་ག་ཚད་བཏང་ཡང་ཁ་པར་སྒོ་གཏན་ཏུ་བརྒྱབ་ཡོད་འདུགསྐབས་དེར་ནང་མི་ཁག་གཅིག་གང་མགྱོགས་བསང་ཁོག་ཞང་ཐོག་ཏུ་ཕྱིན་ཡོད་ཀྱང་། སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་ཚར་ཡོད་འདུག་ལ། ཉེ་འཁོར་གྱི་མི་ཚོས་བརྗོད་པ་ལྟར་ན། མེར་སྲེག་སྐབས་ཁོང་གིས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ༸པཎ་ཆེན་སྣང་བ་མཐའ་ཡས་ཀྱི་གཙོ་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས།  ཞེས་སྐད་འབོད་གནང་ཡོད་འདུག དེ་ནས་ཉེ་འཁོར་གྱི་མི་ཚོ་དང་ལྷན་དུ་ཁོང་གི་སྐུ་ཕུང་བསང་ཁོག་ཞང་ཐོག་ཏུ་ཁོང་ཚང་ལ་ཁང་པ་གསར་པ་ཞིག་ཡོད་པ་དེར་གདན་ཞུ་གནང་ཡོད་འདུག

ཐེངས་འདིར་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡུལ་དེ་ནི།  དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡུལ་གྱི་ཉེ་འཁྲིས་ཡིན་འདུག་ལ། སངས་རྒྱས་བཀྲ་ཤིས་ལགས་ཀྱི་ཕ་མིང་ལ་ནམ་ཁོ་ཟེར་གྱི་ཡོད་པ་དང་། ཁོང་ལ་སྤུན་མཆེད་བཞི་ཡོད་འདུག དེ་སྔོན་ཁོང་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་རིང་སློབ་གཉེར་གནང་ཡོད་ཀྱང་གནས་སྟངས་ཀྱི་དབང་གིས་རྗེས་སུ་ཁྱིམ་དུ་ལོག་སྟེ་ཕྱུགས་རྫི་བྱས་ཏེ་སྡོད་དགོས་བྱུང་ཡོད་འདུག ཁོང་ནམ་རྒྱུན་ཕ་མའི་ཁ་ལ་ཉན་པོ་བྱེད་མཁན་གྱི་བུ་ཡ་རབས་སྤྱོད་བཟང་ལྡན་པ་ཞིག་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སྡོམས་རོགས།