ས་གནས་སང་གྷ་ལེན་ཚོགས་ཆུང་དུ་ནང་ཆོས་ངོ་སྤྲོད་དང་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ།

ཕྱི་ཟླ་༣པའི་ཚེས་༡༩་རེས་གཟའ་སྤེན་པའི་ཉིན་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ལས་འཆར་འོག་ས་གནས་སང་གྷ་ལན་དུ་རི་གོན་དགོན་པའི་མཁན་རིན་པོ་ཆེ་དང་དོན་གཅོད་སྐུ་ངོ་མཆོག་རྣམ་པ་གཉིས་གདན་ཞུས་འོག་ནང་ཆོས་ངོ་སྤྲོད་དང་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་བ་དང་། དེ་དང་མཉམ་དུ་ཉིན་གུང་ཆུ་ཚོད་༡༢།༣༠ནས་༡༣།༡༥བར་ཉེ་ཆར་སྐུ་གཟུགས་མཆོད་མེར་ཕུལ་བའི་མི་རིགས་ཀྱི་དཔའ་བོ་སྟེ་བོད་ནང་གི་གྲྭ་སྐལ་བཟང་དབང་འདུས་ལགས་དང་།རྒྱ་གར་འཕགས་ཡུལ་གྱི་རྒྱལ་གཅེས་པ་རྡོ་རྗེ་ཚེ་རིང་གཉིས་ཀྱི་ཆེད་ས་གནས་སུ་མི་གྲངས་༡༠༠་ཙམ་ལྷན་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་ཚོགས།

ཉིན་གུང་ཆུ་ཚོད་༡༣།༢༠ཐོག་ས་གནས་སང་གྷ་ལན་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་ཀྱི་སློབ་ཕྲུག་རྩེར་སོན་རྣམས་ལ་རི་གོན་དགོན་པའི་མཁན་རིན་པོ་ཆེ་ཡིས་བྱ་དགའ་གསོལ་རིས་བསྩལ་གནང་བ་དང་དེའི་རྗེས་འཐུས་ཚབ་དབང་གྲགས་ཀྱིས་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྙིང་པོ་ཡི་གསུང་འཕྲིན་སྒྲོག་བྱང་བྱས།

ཉིན་གུང་ཆུ་ཚོད་༡༣།༤༠ནས་རི་གོན་དགོན་པའི་མཁན་རིན་པོ་ཆེ་མཆོག་ནས་ནང་ཆོས་ངོ་སྤྲོད་དང་ནམ་རྒྱུན་འཚོ་བའི་ཁྲོད་ཆོས་ཉམས་ལེན་གནང་སྟངས་སྐོར་བཀའ་སློབ་ཡིད་འགུགས་ཐེབས་པ་བྱུང་། དེའི་རྗེས་མི་དམངས་ཀྱི་དྲི་བ་དྲི་ལན་ལ་ལན་འདེབས་གནང་།ཉིན་གུང་ཆུ་ཚོད་༡༥།༣༠ནས་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་ཆབ་སྲིད་གོ་རྟོགས་སམ་བོད་མི་རྣམས་ཀྱི་ལས་འགན་སྐོར་བཀའ་སློབ་ཡིད་འགུལ་ཐེབས་པར་གནང་བར་མི་མང་གིས་དགའ་བསུ་ཆེན་པོ་ཐོབ། ཉིན་གུང་ཆུ་ཚོད་༡༦།༠༠ནས་མི་མང་གི་དྲི་བར་ལན་འདེབས་གནང་།ཉིན་རྒྱབ་ཆུ་ཚོད་༡༧།༠༠སྟེང་ས་རྒྱུན་འཐུས་ཚབ་རྡོ་རྗེ་ཚང་ཆོས་དབང་གིས་ཐུགས་རྗེ་ཆེའི་གསུངས་བཤད་གནང་རྗེས་ལས་འགུལ་མཇུག་སྒྲིལ་གནང་། ཐེངས་འདིའི་ལས་འགུལ་འདི་ལ་མི་མང་གིས་ཧ་ལས་པའི་གསན་གཟིགས་ཡག་པོ་གནང་བ་དང་བཀའ སློབ་འདི་རིགས་ས་གནས་ཡོངས་ཀྱིས་སྤེལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་དགོངས་ཚུལ་བྱུང་སོང་། རི་གོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་སྐུ་ངོ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་རྣམ་པ་གཉིས་ནི་སུད་སི་བོད་རིགས་མི་མང་ཡོངས་ཀྱི་གཙུགས་རྒྱན་ནོར་བུ་ལྟ་བུ་དེ་ཡིན་པས་ཁོང་རྣམ་གཉིས་ས་གནས་ཁག་ལ་གདན་ཞུ་བྱས་ནས་བཀའ ་སློབ་བསྩལ་གནང་རྒྱུ་ནི་དུས་ལ་བབ་པའི་གནད་འགག་གི་ལས་དོན་རླབས་པོ་ཆེ་ཞིག་ཏུ་མཐོང་སོང་།གནས་ཚུལ་མཁོ་གཏོང་པ་ས་གནས་འཐུས་ཚབ་དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།