ས་གནས་ཚང་མར་དུས་གཅིག་ལ་ལས་འགུལ་སྤེལ་རྒྱུ་ཡིན།

༢༠༡༡ ལོའི་ཟླ་༡༠ ཚེས་༡༢ ཉིན། དེ་རིང་སྔ་དྲོ་ཆུ་ཚོད་༡༡ ཐོག་བཀའ་སྤྱི་གཉིས་ཐུན་མོང་གི་ཐོག་ནས་གསལ་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། རྒྱལ་སྤྱིའི་ཐོག་གཙོ་བོ་བཀའ་ཤག་གིས་འགན་ཁུར་ནས། བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་། རྒྱ་གར་ནང་དུ་སྤྱི་འཐུས་ལྷན་ཚོགས་ཀྱིས་འགན་ཁུར་ཏེ། ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བརྗོད་སོང་།

དེ་ཡང་གསལ་འགོད་ལྷན་ཚོགས་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གཉིས་ཀྱིས་བཀའ་སྤྱི་ཐུན་མོང་གི་གསལ་བསྒྲགས་སྒྲོགས་སྦྱང་གནང་བ་དང། ལས་འགུལ་སྤེལ་སྟངས་སྐོར་ལ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། “ཆིག་སྒྲིལ་ཡོང་ཆེད་དུ་བཀའ་སྤྱི་ཐུན་མོང་གི་ཐོག་ནས་ལས་ཀ་བྱེད་རྒྱུ་དང་། དེ་རིང་སྤྱི་འཐུས་ཁག་ཅིག་ལྡི་ལིར་ཕེབས་ནས། ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་དང་རྒྱ་གར་གྱི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་རྒྱུ་རེད། ཚེས་༡༨ ཉིན་སྤྱི་འཐུས་ཚང་མས་ལྡི་ལིར་ཟས་བཅད་ངོ་རྒོལ་བྱེད་རྒྱུ། ཚེས་༡༩ ཉིན་བོད་རིགས་གནས་སྡོད་བྱེད་ས་དང་བོད་དོན་རྒྱབ་སྐྱོར་བ་ཡོད་ས་ཚང་མར་དུས་གཅིག་ལ་ཟས་བཅད་ངོ་རྒོལ་དང་སྦྲགས་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་སྤེལ་རྒྱུ་རེད། ཚེས་༡༩ ནས་ཉིན་གསུམ་རིང་རྒྱ་གར་དང་བལ་ཡུལ་ནས་ལྡི་ལིར་བོད་མི་སུམ་སྟོང་ཙམ་འཛོམས་ནས་བཀའ་ཤག་གི་མཐུན་འགྱུར་དང་སྤྱི་འཐུས་ལྷན་ཚོགས་ནས་གོ་སྒྲིག་འོག་ལས་འགུལ་སྤེལ་རྒྱུ་ཡིན། དེ་རྗེས་ལས་འགུལ་ག་རེ་དགོས་མིན་བོད་ནང་གི་གནས་སྟངས་ལ་ལྟ་རྒྱུ་རེད། བཀའ་ཤག་ནས་ཐད་ཀར་ལས་འགུལ་སྤེལ་དགོས་པ་དེ་འདྲ་ཡོད་པ་རེད། རྒྱལ་སྤྱིའི་ཚོགས་འདུ་ཆེན་པོ་དེ་འདྲ་ལ་བསྟུན་ནས་ལས་འགུལ་སྤེལ་རྒྱུ་དང། ཕྱི་ཟླ་༡༠ ཚེས་༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་པའི་ཉིན་མོ་དང་བསྟུན། ཇེ་ནེ་ཝ་དང་ནིའུ་ཡོག་ཏུ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་ཡོད་”ཅེས་གསུངས་སོང་།

བཀའ་ཁྲི་བློ་བཟང་སེང་གི་མཆོག་གིས། “ལས་འགུལ་སྤེལ་སྐབས་ཞི་བ་དང་། ས་གནས་ཀྱི་ཁྲིམས་དང་མཐུན་པ། བཟང་སྤྱོད་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་རོགས། དེ་རིང་ཕྱི་དྲོ་བཀའ་ཤག་གི་ངོས་ནས་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ས་གནས་ཁག་དང་དོན་གཅོད་ཁག་ལ་བཀོད་ཁྱབ་ཅིག་གཏོང་གི་ཡོད། ཚེས་༡༩ རེས་གཟའ་ལྷག་པའི་ཉིན་ས་གནས་ཚང་མ་མཆོད་འབུལ་ནང་མཉམ་ཞུགས་བྱེད་རོགས། ད་ལྟའི་བོད་ནང་གི་ལས་འགུལ་ཁག་ཁྱབ་བསྒྲགས་འགྲོ་ཡི་ཡོད་པ་དང་། མུ་མཐུད་རྒྱལ་སྤྱིའི་ནང་ཤུགས་ཆེ་རུ་གཏོང་དགོས་ཀྱི་འདུག བོད་མིའི་རང་སྲོག་རྩ་ཆེན་པོ་རེད་”ཅེས་གསུངས་སོང་།

ཉིན་དེར་བཀའ་སྤྱི་ཐུན་མོང་གི་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། ལྷག་པར་འདི་ལོ་ཕྱི་ཟླ་ ༣ ནས་རྒྱ་གཞུང་གིས་བཙན་བཟུང་དབང་བསྒྱུར་འོག་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་པར་བརྟེན་བཟོད་ཐབས་བྲལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་མཚོན་ཆེད་བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའིགནས་ཚུལ་ཇེ་མང་ཇེ་མང་དུ་འཐོན་བཞིན་ཡོད།

བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། དེ་བཞིན་ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེས་ཡིན།

བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་གཞོན་སྐྱེས་བདུན་ཡོད་ཁོངས་བོད་བྱང་ཤར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་དང་། བོད་ཤར་ཕྱོགས་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ སོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་སོ་སོར་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་གནང་མྱོང་མཁན་རང་ལོ་ ༡༩ སོན་པ་སྐྱ་བོ་མཁའ་དབྱིངས་ལགས་དང་རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་དང་ཆོས་འཕེལ་ལགས་ཕྱི་ཚེས་ ༡༡ ཉིན་སོ་སོར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།

དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༡༨ སོན་པ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༩ སོན་པ་བློ་བཟང་དཀོན་མཆོག་ལགས། རང་ལོ་ ༡༧ སོན་པ་སྐལ་བཟང་དབང་ཕྱུག་ལགས་བཅས་ད་ཆ་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད།

བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་གསུམ་ད་ལྟ་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་མིན་ཐད་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། རྒྱལ་གཅེས་པ་ཁོང་རྣམ་པའི་བློས་བཏང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་དཔའ་ངར་ལྡན་པའི་ཐོག་རང་དབང་གི་འབོད་སྒྲ་སྒྲོག་མཁན་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

བོད་ནང་གི་གནས་སྟངས་ཧ་ཅང་ཚབས་ཆེན་པོ་ཆགས་པའི་དུས་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

ད་ལྟ་བོད་ནང་མངོན་པར་མི་གསལ་བའི་དྲག་པོའི་དམག་ཁྲིམས་འོག་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་དམ་བསྒྲགས་མཚམས་འཇོག་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང། ལྷག་པར་བོད་རྒྱ་མི་རིགས་གཉིས་ཕན་ཆེད་བོད་ཀྱི་དངོས་ཡོད་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ཤུགས་སྤྲོད་དགོས། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་ཡིན་ཞིབ་འཇུག་ཆེད་སྐུ་ཚབ་འཕྲལ་མར་གཏོང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་ཟུང་འབྲེལ་ཐོག་རྒྱ་གར་གཙོས་རྒྱལ་སྤྱིའི་སྟེང་བོད་ནང་གི་དངོས་ཡོད་ཛ་དྲག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན་གྱི་ལས་གཞི་ལག་བསྟར་ཞུ་རྒྱུ་ཡིན།

རང་དབང་ལུང་པར་གནས་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་འབྲེལ་ཡོད་ས་གནས་སོ་སོར་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་། ལས་འགུལ་དེ་རིགས་སྤེལ་སྐབས་འཚེ་བ་མེད་པ་དང་ས་གནས་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ཐོག་ཚུལ་མཐུན་གྱི་ལམ་ནས་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་མཆོད་འབུལ་སྨོན་ལམ་དང་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པར་བརྟེན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ང་ཚོས་བོད་ནང་རང་སྲོག་བློས་བཏང་གནང་མཁན་གྱི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་སྡུག་བསྔལ་མཉམ་མྱོང་ཐོག་གཞིས་བྱེས་བོད་རིགས་ཐུན་མོང་གི་མངོན་འདོད་ལྷུན་གྱིས་འགྲུབ་ཆེད་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སམས་རགས།