ས་ག་ཟླ་བའི་མཆོད་འབུལ།

དེ་ཡང་ས་ག་ཟླ་བ་ནི་བོད་བརྒྱུད་ནང་བསྟན་གྱི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཁྱད་པར་ཅན་ཞིག་ལ་ངོས་འཛིན་པ་དང་ལྷག་པར་ཏུ་ས་ཟླའི་ཚེས་བཅོ་ལྔ་ཉིན་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྐུ་བལྟམས་པ་དང་གཅིག། སངས་རྒྱས་པ་དང་གཉིས། སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཡིན།

ཁྱད་པར་དུ་ཟླ་བ་འདིར་མཆོད་འབུལ་སོགས་བྱས་ན་དགེ་རྩ་འབུམ་འགྱུར་གྱི་འཕེལ་ཆེ་བར་བརྩིས་ཏེ་ཟླ་བ་འདིར་ནང་པའི་ཡུལ་གྲུ་ཁག་ཏུ་མི་མང་རྣམས་ཀྱིས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་འབད་ཀྱིན་པ་དང་། ལྷག་དོན་ཚེས་བཅོ་ལྔའི་ཉིན་གྱི་དུས་ཆེན་ཁྱད་པར་བ་བྱེད་ལུགས་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཟབ་རྒྱས་བྱེད་བཞིན་པ་ཡིན།

ཐེངས་འདིའི་དུས་ཆེན་སྲུང་བརྩི་གནང་བར་ཏོག་དབྱིབས་ནད་ཡམས་རྐྱེན་མི་མང་ཚོགས་ཞུགས་གནང་ཐབས་བྲལ་ཡང་ སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་རི་ཀོན་དགོན་དུ་དུས་ཆེན་སྲུང་བརྩི་དང་། བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གནང་ཡོད་འདུག།

དེ་རིང་རི་ཀོན་དགོན་དུ་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་དང་། ཡོ་རོབ་གནས་བཞུགས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་མཆོག་དང་ ས་གནས་བོད་རིགས་མི་མང་ཚོགས་གཙོ་ བུད་མེད་ཚོགས་པའི་ཚོགས་གཙོ་ གཞོན་ནུའི་ཚོགས་གཞོན་ བཅས་མང་ཚོགས་ཀྱི་ཚབ་ཞུས་ཏེ་མཆོད་འབུལ་སྨོན་ལམ་ཞོགས་པའི་ཆུད་ཚོད་༩་༣༠ ནས་༡༢ བར་དུ་ཚོགས་གནང་འདུག།།

བོད་རིགས་མི་མང་གི་ཚོགས་གཙོ་མཆོག་ལ་བཀའ་འདྲི་ཞུས་པར།
སྐུ་ངོ་དོན་གཅོད་མཆོག་དང་དོན་ཁང་གི་ལས་བྱེད་རྒན་པ་བཞུགས་ཡུལ་ས་ཐག་རིང་བས་མཛད་སྒོ་མཉམ་ཞུགས་གནང་ཐུབ་མ་བ་སོང་ གཞོན་ནུ་དང་བུད་མེད་གདན་འདྲེན་ཞུས་པ་ཡིན་ ལྷག་པར་དུ་དེ་རིང་གི་ཞལ་ལག་བོད་པ་མི་ཚང་ཞིག་གིས་འདས་པོའི་བདུན་ཚིགས་ཁེལ་བས་སྦྱིན་བདག་གནང་སོང་ལ་ བོད་རིགས་མི་མང་ནས་སྐུ་ཡོན་འབུལ་རྒྱུ་སོགས་གྲ་སྒྲིགས་ཞུས་པ་ཡིན། ན་ནིང་དང་ད་ལོ་ནད་ཡམ་འདིའི་རྐྱེན་པས་མི་མང་འདུ་འཛོམས་ཞུ་ཐབས་བྲལ་སོང་བ་རེད་ཀྱང་ ལོ་རྗེས་མ་སྔར་བཞིན་འདུ་འཛོམས་ཡོང་གི་རེད་བསམ་སྡད་ཡོད་གསུང་བ་དང་ ཁྱོན་མི་གྲངས་ ༣༠ ལྷག་མཉམ་འཛོམས་ཀྱིས་མཛད་སྒོ་ལེགས་པར་མཇུག་བསྒྲིལ་འདུག།།

གསར་འགོད་པ་གཡང་དགའ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སམས་རགས།