ྋགོང་ས་མཆོག་གིས་དྲྭ་བརྙན་བརྒྱུད་རྒྱ་ནག་ནང་ཁུལ་གྱི་ཤེས་ཡོན་ཅན་ཁག་གཅིག་དང་ཐད་ཀར་བཀའ་མོལ་གནང་བ།

༄༅། །ཕྱི་ལོ་ ༢༠༡༡ ལོའི་ ཟླ་ ༡ ཚེས་ ༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཕོ་བྲང་དུ་དེང་དུས་དྲྭ་ལམ་བརྙན་འཕྲིན་བརྒྱུད་ནས་རྒྱ་ནག་པེ་ཅིང་དུ་ཡོད་པའི་རྩོམ་པ་པོ་ཝང་ལི་ཞོང་དང་། ཧྲིན་ཀྲིན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཐུན་པིའོ། པེ་ཅིང་གི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་ཅཱང་ཐེན་ཡོང་བཅས་དང་ཐད་ཀར་བཀའ་མོལ་གནང་སྟེ། ཁོང་རྣམས་ཀྱི་བཏོན་པའི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད།
ཐེངས་འདིའི་དྲྭ་བརྙན་ཐོག་གི་གླེང་མོལ་ནི། སྤྱི་ལོ་ ༢༠༡༠ ལོར་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་གིས་འབོད་སྐུལ་འགོ་འཛུགས་བྱས་པའི་༼རྒྱ་རིགས་མི་མང་གིས་དྲྭ་ལམ་བརྒྱུད་དེ་ཏཱ་ལའི་བླ་མ་མཆོག་དང་གླེང་མོལ།༽ཞེས་པའི་བྱ་བ་མུ་མཐུད་པ་ཞིག་ཡིན་པ་དང་། དེ་སྔ་གུའུ་གུལ(Google)དྲི་བའི་བརྒྱུད་ལམ་ནས་རྒྱ་རིགས་དྲྭ་དམངས་ཀྱིས་ྋགོང་ས་མཆོག་ལ་དྲི་བ་འདྲ་མིན་བཏོན་པ་དང་། དྲི་བ་དེ་དག་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་ཤོག་འཕེན་པ་སོགས་བརྒྱུད་དེ། མི་མང་གིས་རྒྱབ་སྐྱོར་མཐོ་ཤོས་ཀྱི་དྲི་བ་ཁག་ཅིག་ལ་ྋགོང་ས་མཆོག་ནས་འཕྲུལ་དྲྭ་(Twitter)བརྒྱུད་བཀའ་ལན་ཐེངས་གཉིས་སྩལ་ཡོད། ད་ཐེངས་དྲྭ་བརྙན་ཐོག་གི་གླེང་མོལ་དེར་མཉམ་ཞུགས་བྱེད་མཁན་རྣམས་ལྷན་འཛོམས་བྱེད་ཐབས་བྲལ་ཡང་། ཕན་ཚུལ་དྲྭ་བརྙན་དུ་མཇལ་ཐུབ་པ་དང་ཐད་ཀར་གླེང་མོལ་བྱེད་ཐུབ་པ་བྱུང་ཞིང་། རྒྱ་རིགས་ཁྲིམས་རྩོད་པ་གཉིས་ཀྱིས་སོ་སོ་སྒེར་ངོས་ནས་ྋགོང་ས་མཆོག་ལ་དྲི་བ་རེ་བཏོན་པ་དང་། དེ་བཞིན་དེ་སྔའི་དྲི་བ་ ༣༡༩ ནང་ནས་ཁོང་གཉིས་ཀྱིས་དྲི་བ་གསུམ་རེ་བདམས་ནས་ྋགོང་ས་མཆོག་ལ་ཕུལ་ཏེ་བཀའ་ལན་སྩལ་ཡོད།
བཀའ་འདྲི་དང་བཀའ་ལན་རྣམས་ཕྱོགས་བསྒྲིགས་ཕབ་བསྒྱུར་ཟིན་རྗེས་ྋགོང་ས་མཆོག་གི་རྒྱ་ཡིག་འཕྲུལ་དྲྭ་@DalaiLamaCNདང་། ཝང་ལི་ཤོང་གི་འཕྲུལ་དྲ་@wlixiong ཐུན་པིའོ་ཡི་འཕྲུལ་དྲྭ་@tenbiao ཅཱང་ཐེན་ཡོང་གི་འཕྲུལ་དྲྭ་@jtyong སོགས་སུ་སྤེལ་རྒྱུ་དང་། དེ་རྗེས་བཀའ་འདྲི་དང་བཀའ་ལན་ཆ་ཚང་ྋགོང་ས་མཆོག་གི་བོད་རྒྱ་ཨིན་གསུམ་གྱི་དྲྭ་ཚུགས་སུ་བརྙན་འཕྲིན་དང་བཅས་འགོད་རྒྱུ་ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སམས་རགས།