ལྟ་ཞིབ་དང་ཚོད་འཛིན། རྒྱ་ནག་ནང་བོད་དང་ཡུ་གུར་མི་རིགས་ཀྱི་ཉེན་ཁ།

༢༠༡༩ ཟླ ༡༡ ཚེས་༢༨ ཉིན་སུད་བོད་མཛའ་འབྲེལ་ཚོགས་པ་དང་། རྒྱལ་ཁབ་མེད་པའི་འཐུས་མི་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག སུད་སི་རྒྱལ་ས་སྦན་ནང་། ལྟ་ཞིབ་དང་ཚོད་འཛིན། རྒྱ་ནག་ནང་བོད་དང་ཡུ་གུར་མི་རིགས་ཀྱི་ཉེན་ཁ་ཞེས་པའི་བརྗོད་གཞིའི་ཐོག་ཆེད་མཁས་པ་གདན་འདྲེན་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ཚོགས་འདུའི་ནང་བོད་དང་ཡུ་གུར། རྒྱ་རིགས། གཞན་སུད་སི་གྲོས་ཚོགས་འཐུས་མི་ནང་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་མཉམ་ཞུགས་གནང་སྟེ་བགྲོ་གླེང་དང་། དྲི་བ་དྲིས་ལན་སོགས་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་ནང་བརྟེན་གཞི་བྱས་པའི་སུད་བོད་མཛའ་འབྲེལ་ཚོགས་པ་དང་རྒྱལ་ཁབ་མེད་པའི་འཐུས་མིའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་སྦན་ནང་གོང་འཁོད་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་སུད་སི་གྲོས་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་Fabian Molina དང་། རྒྱལ་སྤྱིའི་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་Dolkum Isa།  བོད་མི་མང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ། སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་ཀྱིས་གཙོས་སུད་སི་གྲོས་ཚོགས་དང་ཕྱི་སྲིད་ལས་ཁུང་གི་ལས་བྱེད་ཁག་ཅིག་དང་། གཞན་མི་མང་བརྒྱ་ལྷག་མཉམ་འཛོམས་ཐོག སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་Thomas Büchli དབུ་འཛུག་གཏམ་བཤད་དང་འབྲེལ། ད་ལྟའི་རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཁག་དང་། ནང་སྒོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་བརྡ་ལན། གཞན་སུད་སི་གཙོས་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་དང་། ཕྱི་སྲིད་གྱི་འབྲེལ་ལམ་བྱེད་ཕྱོགས་ཐད་འགྱུར་བ་གཏོང་དགོས་སྐོར་བཅས་ཀྱི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་འདུག

འདིའི་ཐད་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་སུ་བཅར་འདྲི་ཞུ་སྐབས་འགྲེལ་བརྗོད་གནང་དོན། ད་རེས་ཚོགས་འདུ་འདི་ཡག་པོ་བྱུང་སོང་། གཙོ་བོ་ཚོགས་འདུའི་ཐོག་སུད་སི་གཞུང་གི་ལས་བྱེད་དང་། གྲོས་ཚོགས་འཐུས་མི་ཕེབས་ཡོད་པ་དང་། ཁོང་ཚོས་ད་ལྟ་སུད་སི་གཞུང་གིས་དེ་སྔ་རྒྱ་ནག་གཞུང་དང་སུད་སི་གཞུང་བར་གྲོས་ཆོད་བཞག་ཡོད་པ་དེ་ཚོར་བསྐྱར་ཞིབ་བྱ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། སུད་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་ཐད་སྔོན་མ་ནང་བཞིན་འགྲོ་མི་རུང་བ། རྒྱ་ནག་ཐད་མི་མང་ནང་བསམ་ཚུལ་ཡོང་བཞིན་པ་དང་། རྒྱ་ནག་གི་བྱེད་བབ་མང་པོ་མི་མང་གིས་ངོ་རྒོལ་ཞུ་བཞིན་པ་བཅས་ཀྱི་ཐད་གཞུང་དང་ཚོགས་སྡེ་ཁག་གིས་དོ་སྣང་གནང་དགོས་པའི་སྐོར་ནས་མང་པོ་གསུང་སོང་། ཅེས་དང་། ཡུ་གུར་མི་རིགས་ཀྱི་ཚོགས་གཙོའི་ངོས་ནས། ད་ལྟ་ཡུ་གུར་མི་རིགས་ལ་རྒྱ་ནག་གིས་ཚད་ལས་བརྒལ་བའི་ཚོད་འཛིན་དང་ལྟ་ཞིབ་བྱེད་བཞིན་པ་དང་། ཤིང་ཅང་ནང་ལ་ཁ་ཆེ་ལྷ་ཁང་ཉིས་སྟོང་ལྷག་རྩ་གཏོར་བཏང་ཟིན་པ་སོགས་ཀྱི་སྐོར་ཞིབ་ཕྲ་གསུང་གནང་སོང་། ཞེས་དང་། དམིགས་བསལ་སུད་སི་གྲོས་ཚོགས་འཐུས་མིའི་ངོས་ནས། སུད་སི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་སྐད་ཆ་མང་པོ་བཤད་ཀྱི་ཡོད་ཀྱང་། ཚང་དང་དཔལ་འབྱོར་གྱི་ཁེ་ཕན་ལ་བལྟས་འགྲོ་བ་མིའི་ཐོབ་ཐང་ཐད་དེ་ཙམ་ཤུགས་བསྐྱོན་ཐུབ་ཀྱི་མེད་པས། ང་ཚོ་གྲོས་ཚོགས་འཐུས་མི་དང་། ལྷག་དོན་བོད་རྒྱབ་སྐྱོར་པ་གྲོས་ཚོགས་འཐུས་མི་ཞིག་གི་ངོས་ནས་ནམ་རྒྱུན་གྲོས་ཚོགས་ནང་དེ་སྐོར་གླེང་ཤུགས་ཆེན་ཞུ་བཞིན་ཡོད་པ་དང་། མ་འོངས་པར་ཡང་ཡང་གླེང་གི་ཡིན། ཞེས་སོགས་གསུང་གནང་སོང་ །

གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ། ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།