ལོ་སར་ཚེས་གཅིག་ཉིན་ཀྱི་ལས་འགུལ།

དེ་རིང་སྤྱི་ཟླ་༢ཚེས༡༡ཉིན་ཏེ་བོད་ཀྱི་ལོ་སར་ཚེས་པ་གཅིག་ཉིན་ཀྱི་ཆུ་ཚོད་༣ནས་༥བར་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་བོད་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་ཀྱིས་མི་ལོ་མང་པོ་ཁྲིམས་མུན་དུ་འཇུག་བཞིན་པ་སྤྱི་དང་། ལྷག་དོན་རྔ་བའི་བློ་བཟང་དཀོན་མཆོག་ལ་ལོ་གཉིས་རྗེས་སྲོག་ཐག་གཏོང་རྒྱུའི་ཐག་གཅོད་བྱས་པ་སོགས་ལ་འཛམ་གླིང་མི་མང་གིས་ངོ་རྒོལ་བྱ་དགོས་པའི་འབོད་སྒྲ་སྒྲོག་ཆེད་ལས་འགུལ་འདི་སྤེལ་བ་ཞིག་ཡིན་འདུག 

ལས་འགུལ་འདིར་སུད་སི་མི་མང་གི་ཚོགས་གཙོ་གཞོན་གཉིས་ཀྱི་མཚོན་པའི་མི་མང་བཞི་བརྒྱ་ལྷག་མཉམ་ཞུགས་འཛོམས་གྱིས་སུད་སི་གྲོང་ཁྱེར་ཛུ་རིག་གི་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁྲིས་ནས་རྒྱ་ནག་གཞུང་ཚབ་མདུན་བར་ངོ་རྒོལ་ཁྲོམ་སྐོར་གནང་བ་དང་། ཁྲོམ་གཞུང་གི་མི་ཚོགས་མང་སར་བོད་ཀྱི་ད་ལྟའི་གནས་བབ་དང་། བོད་ཀྱི་ལོ་རྒྱུས། དེ་མིན་བོད་ནང་མེར་བསྲེག་གཏོང་བཞིན་པའི་རྒྱུ་རྐྱེན་འགྲེལ་བརྗོད་སོགས་ཀྱི་ཡིག་ཆ་མང་པོ་འགྲེམས་སྤེལ།  མི་ལོ་གཉིས་རྗེས་རྒྱ་གཞུང་གིས་སྲོག་ཐོག་གཏོང་རྒྱུའི་གསལ་བསྒྲགས་བྱས་ཚར་བའི་བློ་བཟང་དཀོན་མཆོག་ལགས་ཀྱི་སྐུ་པར་གྱི་གདོང་འབབ་ཉིས་བརྒྱ་ལྷག་གྱོན་ཏེ།  ཁོང་གིས་མཚོན་པའི་ཉེས་མེད་ཉེས་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་སྲོག་ཐག་གཏོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གྱི་ཚེ་སྲོག་སྐྱོབ་དགོས་པའི་འབོད་ཚིག་བཅས་བསྒྲགས་ཡོད་འདུག  ཡིག་ཆ་དེ་རིགས་སུད་སི་གསར་འགོད་པ་དང་། རྒྱ་ནག་གཞུང་ཚབ་བཅས་ལ་ཡང་སྤྲད་ཡོད་འདུག 

བོད་ཀྱི་མི་རབས་གསར་བའི་མཐུན་གྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་ནང་། དེ་རིང་ང་ཚོས་བོད་ཀྱི་ལོ་སར་མ་བཏང་བར་ལས་འགུལ་འདི་གོ་སྒྲིག་ཞུ་དགོས་དོན་ནི། ང་ཚོས་རྒྱལ་གཅེས་པ་བོད་མི་གྲངས་བརྒྱ་ལྷག་གིས་ཁྱོད་དང་ངའི་ཆེད་དུ་སྐུ་ལུས་མཆོད་མེར་བསྒྲོན་ཡོད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱ་ཆེད་ལས་འགུལ་འདི་སྤེལ་དགོས་བྱུང་བ་རེད་ལ། གདུང་སེམས་མཉམ་བསྐྱེད་ཟེར་བ་དེ་ཡང་བོད་མི་ནང་ཁུལ་འཁྲུག་པ་མ་ཤོར་བ་ཙམ་ལ་གོ་རྒྱུ་མ་ཡིན་པར།  བོད་པ་ཚང་མས་ཚོར་བ་ཡོད་པའི་ཐོག་ནས་བོད་དོན་ལ་འགན་ལེན་རྒྱུ་དེ་ཡིན།  ཞེས་དང་། གཞན་ལས་འགུལ་འདིའི་ཐོག་ཡོ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ངོས་བོད་ཀྱི་ས་ཁྲ་ངོས་གཙང་ཞིག་བཟོས་ཡོད་པ་དེར་འགྲེལ་བརྗོད་དང་། མ་འོངས་པར་ས་ཁྲ་དེ་Googleདྲ་ངོས་སུ་འཇོག་ཐབས་གནང་དགོས་རྒྱུ་དང་། Googel དྲ་གནས་ནང་བོད་རང་གི་ས་ཁྲ་ལོགས་སུ་འགོད་དགོས་པའི་འབོད་སྐུལ་ཞུ་དགོས་པའི་གལ་གནད་རང་བཞིན་བཅས་ངོ་སྤྲོད་གནང་སོང་། 

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོག་གཙོ་དཔའ་བོ་ལགས་ཀྱི་ལས་འགུལ་མཇུག་སྡོམ་གཏམ་བཤད་ནང་། དེ་རིང་ང་ཚོ་ཚང་མ་འདིར་འཛོམས་ཏེ་སྐད་འབོད་བྱེད་དགོས་དོན་དང་། ལོ་སར་མ་བཏང་བར་འདིར་དཀའ་ལས་རྒྱག་དགོས་དོན་ནི་བོད་ནང་གི་བོད་མི་རྣམས་ཀྱིས་སྡུག་པོ་མྱོང་བཞིན་པ་དང་། ལྷག་དོན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན། བོད་མི་རིགས་འདི་ནི་རྒྱལ་སྤྱིའི་སྒང་སྙིང་སྟོབས་ཆེ་ཤོས་དང་། བློས་བཏང་ཆེ་ཤོས་གནང་མཁན་གྱི་མི་རིགས་ཤིག་ཡིན། དེ་ལྟའི་མི་རིགས་ཁྲོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཁ་ཆེམས་དེ་ང་ཚོས་ཕྱི་སྒྲོག་བྱ་རྒྱུ་ང་ཚོས་ལས་འགན་ཡིན། ཞེས་སོགས་གསུངས་བ་དང་། གཞན་མི་མང་ཚོགས་གཞོན་བསམ་པའི་དོན་གྲུབ་བཅས་ཀྱིས་གཏམ་བཤད་གྲུབ་རྗེས། བོད་རྒྱལ་ཁབ་ཆེན་པོས་རྒྱལ་གླུ་གསེང་མཐོར་སྒྲོག་བཞིན་ལས་འགུལ་གྱིས་མཇུག་ཡོངས་སུ་གྲུབ་སོང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སམས་རགས།