ལོ་སར་ཚེས་གཅིག་ཉིན་ཀྱི་ལས་འགུལ།

བོད་ཀྱི་མི་རབ་གསར་བའི་མཐུན་ཚོགས་ཀྱིས་ལོ་ལྟར་བོད་ཀྱི་གནམ་ལོ་གསར་ཚེས་ཉིན་བོད་དོན་གདུང་སེམས་མཉམ་བསྐྱེད་ལས་འགུལ་སྤེལ་བཞིན་པ་ལྟར། གོང་ཚེས་ཉིན་གྱི་ཆུ་ཚོད་༡༦་༠༠ ཐོག་ནས་ཆུ་ཚོད་༡༨་ ༠༠ སུད་སི་གྲོང་ཁྱེར་ཛུ་རིག་གྲོང་ཁྱེར་ནས་རྒྱ་ནག་གཞུང་ཚབ་མདུན་བར་བོད་དོན་ཞི་བའི་རྔམ་སྟོན་སྐད་འབོད་ལས་འགུལ་ཞིག་སྤེལ་སོང་ལ།  ཉིན་འདིར་གྲོང་ཁྱེར་འདིའི་ནམ་ཟླ་ཤིན་འཁྱག་ཅིང་ཆར་རླུང་ཤིན་ཏུ་རྒོད་ནའང་།  ས་གནས་བོད་རིགས་མི་མང་སུམ་བཅུ་ལྷག་མཉམ་ཞུགས་གནང་སྟེ་ལས་འགུལ་རྔམ་སྟོན་གསོན་ཉམས་ལྡན་པ་ཞིག་སྤེལ་གནང་སོང་། གཞན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་སྐུ་ཚབ་ཟླ་བ་ལགས་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད། དེ་བཞིན་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་ཀྱི་ལས་འགུལ་གྱི་དམིགས་ཡུལ་དང་རྒྱབ་ལྗོངས་སོགས་འགྲེལ་བརྗོད་གཏམ་བཤད་སོགས་ཀྱང་གནང་སོང་།

ལོ་སར་ཚེས་གཅིག་ཉིན་གྱི་ལས་འགུལ་འདི་བཞིན་སྤེལ་དགོས་པའི་དམིགས་ཡུལ་ཐད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་་བསྒྲགས་གཏམ་ཞིག་སྤེལ་བའི་འཁོད་དོན། དེ་རིང་ནི་བོད་ཀྱི་ལོ་སར་ཡིན་ལ། བོད་མི་ཡོངས་ཀྱིས་ལོ་གཅིག་གི་དུས་ཆེན་གལ་ཆེན་ཞིག་དང་། བོད་མི་ཚོས་བཟའ་མི་ལྷན་འཛོམས་དང་དགའ་དགའ་སྤྲོ་སྤྲོ་བྱེད་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན། དེ་བས་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་བོད་མི་ཡོངས་ལ་ལོ་སར་གྱི་འཚམས་འདྲི་དང་། ཚོགས་མི་ཡོངས་ཀྱི་ལོ་སར་ལ་དགའ་སྤྲོ་བག་ཕེབས་ཀྱིས་རོལ་དགོས་པའི་གནས་སྟངས་ཤིག་ཆགས་དགོས་ཀྱི་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་དམར་ཕྱོགས་ཟེར་བའི་སྒེར་གཅོད་སྲིད་གཞུང་གིས། བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བོད་པ་ཚོར་དགའ་སྤྲོ་བག་ཕེབས་ཀྱི་གནམ་ལོ་གསར་བ་ཞིག་ལ་རོལ་བའི་དུས་ཚོད་བདེ་སྐྱིད་ལྡན་པ་ཞིག་ཤར་མྱོང་མེད། དེ་ལས་ལྡོག་སྟེ་བོད་མིའི་འདུ་འཛོམས་ལ་བཀག་སྡོམ་དང་། སྐད་ཡིག་སྲུང་སྐྱོབ་ལ་ཚོད་འཛིན། དགོན་སྡེ་ཁག་གཏོར་བཅོམ་སོགས་ཀྱིས་མཚོན་པའི་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་དམར་གསོད། ནང་མི་ཁ་བྲལ་བྲལ་གྱི་གདུང་བ་ཉིན་རེར་བཞིན་མཚམས་ཆད་ཀྱིན་མེད་པར་བོད་ས་ཡོངས་རྫོགས་བཙོན་ར་ལྟ་བུར་བསྒྱུར་ཡོད།

ལྷག་པར་དུ་བོད་མི་ཚོས་རྒྱ་གཞུང་གི་རྩ་ཁྲིམས་ཀྱི་ཡིག་ཆ་ཁག་ནང་གསལ་བའི་ཁྲིམས་ཀྱི་ཁེ་དབང་ཁག་ལ་ལོངས་སྤྱོད་བྱེད་པའི་ཐོབ་ཐང་སྤྲོད་ཀྱིན་མེད་ཅིང་། ཁྲིམས་མཐུན་གྱི་ཁེ་དབང་རྩོད་ལེན་གནང་མཁན་ཚོར་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་གིན་ཡོད། རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་སྲིད་བྱུས་ཉིན་རེར་བཞིན་ཛ་དྲག་གིས་སྤེལ་བཞིན་པ་ཡིན་སྟབས། བོད་མི་ཚོས་སྙིང་སྟོབས་ཆེན་པོས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མིའི་མངོན་འདོད་ཕྱི་བསྒྲགས་ཡོང་བའི་ཆེད། ནང་སྒོས་སུ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་བོད་དུ་ཕྱིར་ལོག་ཕེབས་ཆེད་དང་བོད་མའི་གཞི་རྩའི་རང་དབང་སླར་གསོ་ཡོང་བའི་ཆེད་དུ་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་༡༤༢་ལྷག་གིས་རིན་ཆེན་གྱི་སྐུ་ལུས་མེར་སྲེག་གནང་སྟེ་བོད་ཀྱི་གནས་བབ་ཤིན་ཏུ་ཛ་དྲག་ཡིན་པ་གསལ་སྟོན་གནང་གིན་ཡོད་ཅིང་། བོད་མི་སྟོང་ཕྲག་མང་པོས་རྒྱ་གཞུང་གི་སྡུག་རྩུབ་ལ་མགོ་བོ་མ་སྒུར་བར་སྡུག་སྦྱོང་མནར་གཅོད་བཟོད་བླག་མེད་པ་མྱོང་བཞིན་པ་ཡིན།

གོང་དུ་བཤད་པའི་ཤ་རུས་ཁྲག་རྒྱུན་གཅིག་པའི་བོད་མི་འདི་དག་ལ་ནང་མི་དང་། བུ་ཕྲུག་བཟའ་ཟླ་སོགས་ཡོད་ཅིང་། ཕ་མ་སྤུན་མཆེད་དང་དགའ་ཉེ་གྲོགས་པོ་སོགས་ཅི་ལ་མེད། ཁོང་ཚོས་འཇིག་རྟེན་ཕྱི་མར་ཆས་ཟིན་པའི་བཟའ་ཟླ་དང་བུ་ཕྲུག སྤུན་མཆེད་དང་ཕ་མ། དགའ་ཉེ་གྲོགས་པོ་སོགས་ཀྱི་ཆེད་དུ་སྡུག་གི་མཆི་མ་སྐམ་མེད་ལ། ཁོང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཤེགས་པའི་དགོས་པ་དང་དམིགས་ཡུལ། བློས་གཏོང་སོགས་ལ་བཞགས་པའི་ཁྲག་གི་ཡི་གེའི་ཁ་ཆེམས་སོགས་ད་དུང་གྲང་མོ་ཆགས་མེད།
དེ་བས་དེ་རིང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་འདས་ཟིན་པའི་དཔའ་བོ་དཔའ་མོ་ཁྲི་ཕྲག་གི་ཁ་ཆེམས་དང་། བཞུགས་བཞིན་པའི་ནང་མི་དེ་དག་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཆེད། ཆེས་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་པའི་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ལས་དབང་གི་ཆེད་དུ། དེ་རིང་ལོ་སར་ཚེས་གཅིག་ཉིན་ཡིན་ནའང་བོད་མི་ཚོས་དཀའ་སྡུག་དང་། གདུང་སེམས་མཉམ་བསྐྱེད། བོད་དོན་འཐབ་རྩོད་སོགས་མི་བརྗེད་མི་སྲིད་པའི་དྲན་སྐུལ་ཞུ་རྒྱུ་དང་། རྒྱ་ནག་དམར་ཕྱོགས་གཞུང་ལ་བོད་དོན་བདེན་མཐའ་མ་སེལ་བའི་བར་དུ་བོད་མི་ཚོས་ཉིན་གཅིག་ལ་འང་འཐབ་རྩོད་ཀྱི་ནུས་པ་མི་འདོར་བའི་བརྡ་ལན་གསལ་བོ་ཞིག་སྤྲོད་རྒྱུ་ཡིན་ལ ། རྒྱ་གཞུང་ལ་སྟོབས་ཤུགས་ཇི་ལྟར་ཆེ་ན། ང་ཚོའི་བདེན་དོན་འཐབ་རྩོད་ཀྱི་སྙིང་སྟོབས་དེ་ལས་ཆེ་རུ་འགྲོ་བཞིན་ཡོད་པས། བོད་དོན་ལ་སྣང་ཆུང་དང་། བོད་རིགས་ལ་མཐོང་ཆུང་གི་སྲིད་བྱུས་འོག་བོད་རིགས་རྩ་མེད་དུ་གཏོང་འདོད་ཀྱི་ཧམ་སེམས་ཡོངས་སུ་ཕམ་སྲིད་པའི་ཡིད་ཆེས་དང་དམ་བཅའ་བརྟན་པོ་ཡོད།  ཅེས་སོགས་འཁོད་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 3 སམས་རགས།